ཆབ་མདོ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་སྒྲིལ་གླེང་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-11 11:29:42

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། བྱེད་སྒོའི་ནང་དོན་སྦྲང་ཆར་ཟིལ་མའི་དཔེ་ཟླར་གྱུར་ནས་གཙང་གསུམ་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་བོ་ཀུན་གྱི་སེམས་ཀྱི་ཞིང་ས་བརླན།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་མཐོང་ཆེན་པོ་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ནན་ཏན་བཅས་བྱས་པར་བརྟེན་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ལ། ལས་ཀའི་བཀྲག་མདངས་འཚེར་ས་མང་པོ་ཐོན་པ་མ་ཟད། གླེང་ཕྱོགས་དྲིལ་བསྒྲགས་ནུས་པའི་ཁྱད་ཆོས་ཀྱང་ཐོན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་གཙང་གསུམ་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་བོ་ཚང་མའི་སེམས་ལ་འཇགས་པར་གྱུར།

ཐབས་མཁས་ཟུང་འབྲེལ་གྱིས་དཀའ་གནད་བསལ་བ།

བྱེད་སྒོ་སྤེལ་རིང་། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་བྱེད་སྒོའི་གཞུང་དོན་ཁང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་དཀའ་ངལ་སེལ་རྒྱུ་དང་རོགས་རམ་བྱ་རྒྱུ་དང་དེ་བཞིན་དུས་རྒྱུན་ལས་ཀ་དང་ཟུང་འབྲེལ་བྱས་ནས་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་རོགས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་ལེན་བསྟར་ཏེ་ལག་ལེན་བྱེད་སྒོའི་ཕན་འབྲས་ཆེ་རུ་བཏང་ཞིང་། ཏང་ཡོན་ལས་བྱེད་པས་ཆ་སྒྲིག་རོགས་སྐྱོར་དང་། འཚམས་འདྲི། འཚོ་བར་དཀའ་ངལ་ཡོད་པའི་སློབ་མར་རོགས་པ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ། དཀའ་ངལ་སེལ་རོགས། ན་ཚ་ཚབས་ཆེན་ཕོག་པར་རོགས་རམ་སོགས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

ཉི་མ་རྒྱལ་མཚན་ནི་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་ཤོག་འདུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཅིག་ལྕོགས་ཡིན། གྲོང་ཚོ་དང་ཐེམ་དུད་ལ་སྐྱོད་པ་དང་། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ། ཞིང་ལས་སྐོར་གླེང་བ་བཅས་ཀྱི་སྐབས། ཁོང་གིས་རྟག་ཏུ་དམངས་ཕན་སྲིད་ཇུས་སྐོར་གྱི་དེབ་ཆུང་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་རྩ་གནད། དམངས་ཀྱི་གནས་ཚུལ་བཀོད་པའི་ཟིན་བྲིས་བཅས་འཁྱེར་རྐྱང་བྱེད་ཀྱི་ཡོད། འཚམས་འདྲི་རྟོག་ཞིབ་བྱས་པ་བརྒྱུད་ཉི་མ་རྒྱལ་མཚན་གྱིས་མ་དངུལ་སྒོར་ཁྲི་200དོན་འཁྱོལ་ཡོང་བར་མཐུན་སྦྱོར་བྱས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ལེ་3.5ཟིན་པའི་གྲོང་གསེབ་ཀྱི་གཞུང་ལམ་དང་། ཆུ་ཡུར་སྤྱི་ལེ་2 ཆུ་རྫིང་2བཅས་བཟོས་པ། སྨི་ངོས་གྲུ་800ཟིན་པའི་གྲོང་ཚོའི་བྱེད་སྒོ་ཁང་དང་དེ་བཞིན་ཡུལ་མིའི་ཐང་ཆེན་བརྒྱབ་པ། ཡུལ་མི་ཚོའི་སྣེ་ཁྲིད་དེ་མུའུ་80ཡི་སར་ཀུ་ཤུའི་སྡོང་པོ་དང་ཤིང་སྣ་སྣ་ཚོགས་ཁྲི་ལྷག་བཏབ་པས་སྔོ་ལྗང་དང་། མཛེས་པ། ཁམས་གཙང་། སྐྱིད་སྣང་དོད་པ་བཅས་ཀྱི་མི་སྡོད་ཁོར་ཡུག་གི་ཚད་གཞི་ལོན་ཡོད།

ད་བར་གྲོང་ཁྱེར་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཐེངས་ཁྲི་1.12སྤེལ་བར་མང་ཚོགས་མི་ཐེངས་ཁྲི་115ལ་སློབ་གསོ་ཐེབས་པ་དང་། བྱ་བ་དངོས་དང་བྱ་བཟང་ཁྲི་1.82བསྒྲུབས་པར་ཐེམ་དུད་ཁྲི་3.1དང་མང་ཚོགས་མི་ཐེངས་ཁྲི་15.34ལ་ཕན་པ་ཐོབ་པ། མ་དངུལ་སྒོར་ཁྲི་1708ལྷག་དོན་འཁྱོལ་བྱས་པ། དངོས་ཟོག་སྣ་ཚོགས་ཁྲི་103སྤྲད་པ་བཅས་རེད།

དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་དྲང་ནུས་བརྒྱུད་སྤེལ་བྱས་པ།

ཆབ་མདོ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་ཐད་ཐུན་མོང་གི་ངོས་འཛིན་ཞིག་ཆགས་པ་དང་། བོད་ཀྱི་བྱ་བ་ཡག་པོ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དྲང་ནུས་སྟོབས་ཆེན་གོང་བུ་གཅིག་ཏུ་འགྲིལ་ཐུབ་ཡོད།

—— སྲོག་ཤིང་གི་འདུ་ཤེས་སྔར་བས་བརྟན་དུ་སོང་བ། དཔལ་འབར་རྫོང་ས་སྟེང་ཤང་རི་སྦུག་གྲོང་ཚོའི་ཏང་ཡོན་རྒན་གྲས་གྲོང་ཚོའི་ལས་བྱེད་པ་དོན་གྲུབ་ཀྱིས“ཏང་དང་སྲིད་གཞུང་གིས་ཞིང་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ང་ཚོ་གཞི་རིམ་གྱི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཡོད། ང་ཚོས་སེམས་གཏིང་ནས་ཏང་གི་ཐུགས་ཁུར་ཚོར་བས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲངས་ཏེ་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན”ཞེས་མྱོང་ཚོར་ཟབ་མོའི་ངང་བཤད།

—— བསམ་བློའི་ངོས་འཛིན་སྔར་བས་གཅིག་མཐུན་བྱུང་བ། དཔའ་ཤོད་རྫོང་སྐྱ་རི་ཤང་རྒྱལ་ར་གྲོང་ཚོའི་རལ་པ་རང་བྱུང་གྲོང་ཚོའི་མང་ཚོགས་ཀྱིས་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་ན་གཞོན་ཚོར་ཏང་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་དབུ་ཁྲིད་འོག་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་སྐྲུན་དགོས་ཚུལ་བཤད།

—— མི་རིགས་མཐུན་སྒྲིལ་བྱས་ནས་སྔར་བས་འཆམ་མཐུན་བྱུང་བ། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། བྱེད་སྟངས་བྱེད་ཐབས་གསར་གཏོད་བྱས་ཏེ“རྒྱ་རིགས་ལས་བྱེད་པ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་རྒྱ་རིགས་ལས་བྱེད་པ་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕན་ཚུན་དབར་ཡང་ཁ་འབྲལ་ཐབས་མེད་པའི”བསམ་བློ་མི་རིགས་ཁག་གི་ལས་བྱེད་ཉེན་རྟོག་པའི་སེམས་སུ་འཇགས་པར་བྱས་པས། ཁོང་ཚོས་རང་ཉིད་ཀྱིས་མིག་འབྲས་ལ་གཅེས་སྤྲད་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་དང་ལས་རོགས་ཀྱི་མཛའ་མཐུན་ལ་བརྩི་མཐོང་བྱེད་བཞིན་ཡོད།

གྲུ་གཟིངས་ཇི་སྐྱོད་རླུང་གཡོར་ལ་ཐུག་པ་བཞིན་མིའི་སྟོབས་ཤུགས་སེམས་ལ་རག་ལས་ཡོད། དེས་ན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དེས་བོད་ཤར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་གཅིག་ཏུ་གྱུར་པ་དང་བློ་གྲོས་གཅིག་ལ་འདུས་ནས་རང་འགུལ་ངང་འགན་འཁྲི་ཁུར་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”མཛེས་སྡུག་གི་ལེའུ་གསར་པ་ཞིག་བརྩམས་དང་རྩོམ་བཞིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།