རང་སྐྱོང་ལྗོངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-09-18 12:44:14

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྨྱན་སྦྱོར་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་ནན་པོ་སྲུང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་སོགས་ཐད་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

གསར་འགྱུར་མགྲིན་ཚབ་པ་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐན་ཧྭ་ཡིས་ལོ་5ཡི་རིང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ཞིང་། སྡེ་ཚན་ཁག་གིས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་སུ་ཏན་ཏིག་བརྩིས་ཡོད། 2013ལོར་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བསམ་འཆར་བཟོས་པ་དང་2016ལོར་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཧུར་ཐག་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་ཡོད། མིག་སྔར་ལྗོངས་ཡོངས་ཀྱིས་རིགས་ཁག་གི་སྣོད་བཅུད་ནུས་པ་སྲུང་སྐྱོང་ཁུལ་22དང་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་4 ནགས་ཚལ་སྤྱི་གླིང་9 འདམ་རའི་སྤྱི་གླིང་18 ས་གཤིས་སྤྱི་གླིང་3བཅས་བསྐྲུན་པ་དང་། རང་བྱུང་གི་ལྗོངས་རིམ་པའི་སྣོད་བཅུད་བཟང་བའི་རྫོང་7དང་། སྣོད་བཅུད་བཟང་བའི་ཤང་གྲོང་128 སྣོད་བཅུད་བཟང་བའི་གྲོང་ཚོ་1296བཅས་ལ་མིང་བཏགས་པ། རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པར་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་41.2ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་སྟེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅེས་བཤད།

ཀྲང་ཐན་ཧྭ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2008-2030ལོ་བར)》ལག་ལེན་གཏིང་ཟབ་བསྟར་ནས་རྨོ་བསྐྱུར་ནགས་གསོ་དང་། འདམ་ར་སྲུང་སྐྱོང་། འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་སོགས་རིགས་ཆེན་པོ་གསུམ་གྱི་གཙོ་གནད་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་ཁག་10ལག་བསྟར་ཧུར་ཐག་བྱས་པར་མིག་སྔར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་95.2དོན་འཁྱོལ་བྱས་པ་དང་། རིགས་ཁག་གི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་192.67དོན་འཁྱོལ་བྱས་པ། 2014ལོ་ནས་བཟུང་ལོ་ལྟར་རྫོང(ཆུས)རིམ་པའི་སྲིད་གཞུང་74ལ་ཁོར་ཡུག་སྲུང་སྐྱོང་ལས་ཀའི་དཔྱད་ཞིབ་བྱས་པར་ལོ་གསུམ་རིང་ཁྱོན་དཔྱད་ཞིབ་ཀྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་2.26སྤྲད་པ་རེད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་སྨྱན་སྦྱོར་ལ་ངོ་སྤྲོད་བྱས་པ་རེད།

གསར་འགྱུར་མགྲིན་ཚབ་པ་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཝང་ཅིན་ཧོ་ཡིས་ལོ་ལྔའི་རིང་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། མ་དངུལ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱེད་པར་མ་དངུལ་གྱི་འགན་ལེན་བརྟན་པོ་བྱས་ཡོད། 2012ལོ་ནས་2017ལོའི་ཟླ་8པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་719བཏང་བར་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་120ལེགས་གྲུབ་ཟིན་པ་དེ་2011ལོར་སྒོར་དུང་ཕྱུར་59བཏང་བ་དང་བསྡུར་ན་103%འཕར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མ་དངུལ་སྒོར་དུང་ཕྱུར་2388གཏོང་རྩིས་ཡོད་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་དང་བསྡུར་ཚེ་སྔོན་དཔག་བྱས་ན་ལྡབ་3.5འཕར་བཟོ་ཡོད་ཅེས་བཤད།

ལོ་ལྔའི་རིང་རང་ལྗོངས་ཀྱི་གཞུང་ལམ་རིམ་པ་རིམ་བཞིན་མཐོ་རུ་ཕྱིན་པ་དང་ལམ་དྲའི་གྲུབ་ཆ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། 2016ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་ལམ་ཚད་ཁྱོན་སྤྱི་ལེ་82096ཟིན་པ་དེ་2011ལོའི་སྤྱི་ལེ་63108ལས་སྤྱི་ལེ་18988འཕར་ནས་ལོ་རེར་ཆ་སྙོམས་སྤྱི་ལེ་3798མང་དུ་སོང་ནས་འཕར་ཚད་30%ཟིན་པ་དང་། གཞུང་ལམ་གྱི་སྟུག་ཚད་སྤྱི་ལེ་ངོས་གྲུ་བརྒྱ་རེར་སྤྱི་ལེ་6.73ཟིན་ནས་2011ལོའི་སྤྱི་ལེ་ངོས་གྲུ་བརྒྱ་རེར་སྤྱི་ལེ་5.3ཟིན་པ་ལས་27%འཕར་བ། སྔོན་དཔག་བྱས་ན། 2017ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་9ཡན་ཟིན་རྒྱུ་རེད། རང་ལྗོངས་ཀྱི་རིམ་ལྡན་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་71992ཟིན་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་ལམ་ཚད་བསྡོམས་འབོར་གྱི་88%ཟིན་པ་དེ་2011ལོའི་རིམ་ལྡན་གཞུང་ལམ་སྤྱི་ལེ་38910ལས་85%འཕར་བ། ལམ་ངོས་བཟོ་བའི་ལམ་ཚད་སྤྱི་ལེ་18378ཟིན་ནས་2011ལོའི་སྤྱི་ལེ་8723ལས་111%ཙམ་འཕར་བ་བཅས་རེད།

ལོ་ལྔའི་རིང་རང་ལྗོངས་ཀྱིས་སྔ་རྗེས་སུ་S4བྲག་ཡིབ་ནས་སྨན་གླིང་བར་གྱི་གནམ་ཐང་དང་། རྒྱལ་ལམ་318ལམ་ཐིག་གི་ཉིང་ཁྲི་ནས་ལྷ་ས་བར་དང་གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར། རྒྱལ་ལམ་349ལམ་ཐིག་གི་རྩེད་ཐང་ནས་གོང་དཀར་གནམ་ཐང་བར། S5ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ། G6ནག་ཆུ་ནས་ལྷ་ས་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ ལྷ་སའི་གྲོང་སྐོར་ལམ་སོགས་རིམ་མཐོའི་གཞུང་ལམ་གྱི་རྣམ་གྲངས་བདུན་ལག་བསྟར་བྱས་པ་རེད། འདི་ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་613ཟིན་རྒྱུ་ཡིན་པ་རེད།

ཝང་ཅིན་ཧོ་ཡིས་རང་ལྗོངས་ཀྱི་གྲོང་གསེབ་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་འབྱོར་འབྲིང་གི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡི་མཚོ་གཉིས་དང་། ཉི་མ། མེ་ཏོག་བཅས་རྫོང་གསུམ་ཕུད་རྫོང་གྲོང་གཞན་དག་ཚང་མར་སྣུམ་ནག་ལམ་སྦྲེལ་མཐུད་ཐུབ་པ་རེད། མཚོ་གཉིས་དང་ཉི་མར་སྣུམ་ནག་ལམ་འདིང་བའི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཟླ་8པའི་ཟླ་མཇུག་ཏུ་ལས་གྲྭ་ལེགས་གྲུབ་ཟིན་ཚད་90%ཟིན་ནས་ལོ་མཇུག་ཏུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དང་། མེ་ཏོག་གི་སྣུམ་ནག་ལམ་འདིང་བའི་རྣམ་གྲངས་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཆོག་མཆན་སྤྲད་ནས་རྣམ་གྲངས་གཏན་འཁེལ་བྱས་པ་དང་། འཛུགས་སྐྲུན་ཚན་པས་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་ནས་མི་རིང་བར་ལས་འགོ་ཚུགས་རྒྱུ་ཡིན་པ་དང་། 2018ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་འབད་བརྩོན་བྱས་ཏེ་སྐབས་དེ་དུས་ལྗོངས་ཡོངས་ཀྱི་རྫོང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།