ནག་ཆུའི་ལས་དོན་ཚོགས་འདུ་འཚོགས་པར་ནག་ཆུའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-09-18 12:44:14

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་14ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུའི་ལས་དོན་ཚོགས་འདུ་ཆེད་མངགས་འཚོགས་ཤིང་། བཀྲ་ཤིས་གཏམ་བཟང་དེ་ཁྱབ་པའི་རྗེས། ནག་ཆུའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན། དྲ་རྒྱ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་དོ་སྣང་བྱས་པ་མ་ཟད། ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱིས་ཐུགས་ཁུར་གཟབ་བཞེས་གནང་ལུགས་སྙིང་དབུས་སུ་བཅངས་ནས་སེམས་ལ་ལྕག་སྐུལ་ཐེབས་ཚུལ་དང་དྲོ་སྐྱིད་ཚོར་སེམས་གཅིག་མཇུག་གཉིས་མཐུད་ངང་བརྗོད་ཡོད།

ནག་ཆུ་ས་ཨུད་ཀྱི་ལས་བྱེད་པ་ཀའོ་ཧྥན་ཙང་གིས“རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་སྐབས་རིམ་བྱུང་གིས་ནག་ཆུའི་ལས་དོན་ལ་མཐོང་ཆེན་པོ་གནང་ནས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་བ་དང་རྣམ་གྲངས་གལ་ཆེན་ཁག་གཅིག་གཉེར་ནས་ནག་ཆུའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་བས་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་ནག་ཆུར་དཀའ་ངལ་དང་འགྲན་སློང་མི་ཉུང་བ་འཕྲད་མོད། འོན་ཀྱང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནག་ཆུའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོབ་པར་དཀའ་བའི་གོ་སྐབས་དམ་འཛིན་བྱས་ནས་ཞུམ་མེད་ངང་མདུན་སྐྱོད་བྱེད་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ལ། ང་ཚོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་།

 ལས་ཀའི་སྤྱོད་ཚུལ་འགྱུར་བ། སྔར་བས་དམ་པ་དོན་གཉེར་བྱེད་པ། སྡུག་བསྲན་ཁྲོད་ལང་ཚོ་ལེགས་སྐྱེས་འབུལ་བའི་སྒོ་ནས་མི་དམངས་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་པ་དང་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་ཀྲེ་ཅང་སྡེ་ཁུལ་ཆུང་ངུའི་མང་ཚོགས་ཕུར་བསྟན་གྱིས“ཉིན་བཞིན་འཕེལ་རྒྱས་འགྲོ་བའི་ནག་ཆུ་མཐོང་སྐབས། ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ད་ཆ་ཡང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུའི་འཛུགས་སྐྲུན་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་ནས་ཆེད་དོན་ཚོགས་འདུ་འཚོགས་ཏེ་ནག་ཆུའི་གནད་དོན་ཐད་ཞིབ་འཇུག་གནང་བས་ང་ཚོ་རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་གོམ་པ་གཅིག་བགྲོད་ངང་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་ཡིད་ཆེས་སྔར་བས་བརྟན་དུ་སོང་ལ། ང་ཚོས་ཀྱང་བསམ་བློར་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་འདུ་ཤེས་གསར་བརྗེས་ཀྱིས། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྔར་བས་གཏོད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་དང་སྲིད་གཞུང་ལ་དྲིན་ལན་འཇལ་གྱི་ཡིན ”ཞེས་བཤད།

“ནག་ཆུ་ནི་བོད་ཀྱི‘བྱང་སྒོ་ཆེ་མོ’ཞིག་ཡིན་པས། རང་ལྗོངས་དང་ཐ་ན་རྒྱལ་ཡོངས་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན”ཞེས་ནག་ཆུ་ས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཤིན་ཡུས་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་ནག་ཆུ་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་བདེ་འཇགས་ཡོང་བ་བྱ་རྒྱུ་དེ་མཐའ་ཚད་དང་། དམར་ཐིག གློག་ཆེན་ཞིག་ཏུ་བརྩིས་ནས“མཐོ་བ་གསུམ”རྣམ་གྲངས་ནག་ཆུར་གཞིས་ཚུགས་རྒྱུ་གཏན་འགོག་བྱ་རྒྱུ་མ་ཟད། སྣོད་བཅུད་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་འཐུས་ཚང་ཡོང་བ་བྱས་ཏེ“འཛམ་གླིང་གི་དག་ཞིང་མཐའ་མ”སྲུང་སྐྱོང་ཡག་པོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།

ལོ་22ལ་སླེབས་པའི་ཕུར་བུ་སྒྲོལ་མ་ནི་སོག་རྫོང་གསེར་ཊ་ཤང་གི་གྲོང་ཚོ་དྲུག་པའི་ཡུལ་མི་ཡིན། ཁོང་གི་མའི་གཟུགས་པོ་ཐང་པོ་མེད་པའི་ཁར་ནད་གཞི་མང་བས། ཁོང་ཆུང་དུས་ནས་སློབ་གྲྭར་འགྲོ་མཚམས་བཞག་སྟེ་ཁྱིམ་སྒོ་སྐྱོང་འགོ་ཚུགས། དེ་སྔོན་ཁྱིམ་མི་ཚང་མ་མ་མཐའི་འཚོ་བ་འགན་ལེན་ལ་བརྟེན་ནས་འཚོ་བ་འཕྱིད་ཐབས་བྱེད་པས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། “འདི་ལོའི་ཟླ་5པར་ང་ཚོ་གྲོང་ཚོ་ནས་ཤང་དང་གྲོང་རྡལ་ལ་སྤོས་ཏེ་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་ལ། ད་དུང་ཤང་གི་ལས་བྱེད་པས་ང་ཤང་དང་གྲོང་རྡལ་གྱི་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ནང་ལས་ཀ་བྱེད་དུ་བཅུག་པས། ཁྱིམ་དང་ཐག་ཉེ་བའི་ཁར་ཟླ་རེར་གླ་ཆ་སྒོར་3000ཡོད”ཅེས་ཕུར་བུ་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད་བྱུང་། ཁོང་གིས་ཉེ་ཆར་ས་གནས་དེ་གའི་མང་ཚོགས་ཀྱི་ངག་ནས་ནག་ཆུའི་ལས་དོན་ཚོགས་འདུ་ལྷ་སར་འཚོག་གི་ཡོད་པའི་གནས་ཚུལ་གླེང་བཞིན་འདུག་པས་ང་ཡང་ཧ་ཅང་དགའ་པོ་བྱུང་། ཏང་དང་སྲིད་གཞུང་གིས་དུད་ཚང་དབུལ་པོ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་དང་ལས་གནས་བསྒྱུར་ནས་བསྐྱར་དུ་ལས་ཞུགས་བྱེད་པ་སོགས་ཀྱི་དམངས་ཕན་སྲིད་ཇུས་ལག་ལེན་བསྟར་བ་བརྒྱུད་རང་ཁྱིམ་གྱི་ཡོང་སྒོའང་བརྟན་དུ་ཕྱིན་སོང་། ཕྱིས་འབྱུང་ཏང་གི་རྗེས་སུ་འབྲངས་ན་ཕྱུག་པོ་ཆགས་ངེས་རེད་ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།