བློ་བཟང་རྒྱལ་མཚན་གྱིས་མཚོ་སྨད་དང་འཕྱོངས་རྒྱས་སྣེ་གདོང་བཅས་རྫོང་གསུམ་ལ་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-12-12 16:04:35

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཚེས་5དང་6ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དང་། འཕྱོངས་རྒྱས་རྫོང་། སྣེ་གདོང་རྫོང་བཅས་སུ་ཕེབས་ནས་གཞི་རིམ་ལས་དོན་གྱི་འཚོ་བའི་ཆ་རྐྱེན་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གནད་སྨིན་དབུལ་སྒྲོལ་གྱི་ཐོན་ལས་རྨང་གཞི་བཅས་ལ་བརྟག་ཞིབ་གནང་བ་རེད།

གྲི་གུ་མཚོ་འགྲམ་གྱི་རྩྭ་ཐང་ཡོངས་སེར་པོར་གྱུར་ཡོད་པ་དང་ས་བབ་སྨི་4600ཟིན་པའི་གྲི་གུ་གྲོང་རྡལ་གྱི་ས་གཤིས་ཆགས་སྟངས་ལས་ས་མཐོའི་འབྲོག་ཁུལ་དུ་རྣམ་པ་གསར་པ་ཞིག་མངོན། བློ་བཟང་རྒྱལ་མཚན་དེ་གར་ཕེབས་ནས་གཞི་རིམ་གྱི་ལས་ཀ་དང་

འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ཐད་བརྟག་ཞིབ་གནང་བ་དང་འབྲེལ། གྲོང་རྡལ་དེའི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཆར་འགོད་དང་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་ནས་ཚད་གཞི་མཐོ་པོའི་འཆར་འགོད་སྣེ་ཁྲིད་དུ་བྱེད་པ་དང་རང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་ཀྱི་འཛུགས་སྐྲུན་བླང་བྱ་ཚད་གཞིར་བྱས་ཏེ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཡུལ་སྐོར་དང་འབྲོག་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་དུ་ཧུར་ཐག་འགྱུར་བ་བྱས་ནས། གྲོང་རྡལ་ཆུང་ངུའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་འགྲོ་རྒྱུར་སྐུལ་མ་གཏོང་དགོས། བློ་བཟང་རྒྱལ་མཚན་གྱིས་གཞི་རིམ་ལས་བྱེད་པའི་ཁྱིམ་དུ་ཕེབས་ནས་འཚོ་བའི་སྐོར་བཀའ་འདྲི་གནང་བ་དང་། ཤང་དང་གྲོང་རྡལ་གྱི་ལས་ཤག་འཛུགས་སྐྲུན་དང་མཐོ་གྲང་རྫོང་དང་ཤང་གི་དྲོད་རླངས་མཁོ་འདོན་ལས་གྲྭར་ཐོབ་པའི་ཕན་འབྲས་ལ་གཟིགས་ཞིབ་གནང་ནས། གཞི་རིམ་གྱི་དམངས་འཚོ་ནུས་ཤུགས་ཆེར་སྐྱེད་ཀྱིས་ལེགས་སུ་བཏང་སྟེ་མི་རིགས་ཁག་གི་ལས་བྱེད་ལས་བཟོ་བློ་བདེ་བག་ཕེབས་ངང་གཞི་རིམ་ལ་རྩ་བ་ཚུགས་ཐུབ་པ་དང་། བློ་དཀར་སེམས་དཀར་གྱིས་གཞི་རིམ་ལ་ལེགས་སྐྱེས་འབུལ་བ། བློ་ཐག་ཆོད་པོས་གཞི་རིམ་དུ་འཚར་ལོངས་ཐུབ་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། སློབ་ཆུང་དང་བུ་བཅོལ་ཁང་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་ཉལ་ཁང་དང་། སློབ་ཁང་། ཟ་ཁང་བཅས་ལ་གཟིགས་པ་དང་། ཉལ་གདན་མཐུག་པོ་ཡོད་མེད་དང་སློབ་ཁང་ནང་དྲོད་ཚད་སྙོམས་པོ་ཡོད་མེད་མཁྱེན་རྟོགས་གནང་བ་དང་སྦྲགས། དགེ་སློབ་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་རེད། སློབ་གྲྭའི་དྲོད་ལེན་ཉི་འོད་ཁང་པ་དང་དྲོད་རླངས་གཉིས་ཀ་འགན་ལེན་བྱུང་བ་དང་། སློབ་ཚན་ནང་དོན་ཐད་རྒྱལ་ཡོངས་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་གཞི་དང་རང་ལྗོངས་ཀྱིས་རྩོམ་སྒྲིག་བྱས་པའི་སློབ་གཞི་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ཡོད་པ། སློབ་གྲྭའི་འཛུགས་སྐྲུན་དང་སློབ་ཁྲིད་ཀྱི་དོ་དམ་གཉིས་ལ་སྐུལ་འདེད་བཏང་བ། ཕྲུ་གུ་ཚོ་སྤྱང་གྲུང་དོད་ཅིང་བདེ་ཐང་ངང་འཚར་ལོངས་བྱུང་བ་བཅས་གཟིགས་སྐབས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་ནས་གདེང་འཇོག་གང་ལེགས་གནང་བ་རེད། གྲོང་རྡལ་འཕྲོད་བསྟེན་ཁང་དུ་བློ་བཟང་རྒྱལ་མཚན་གྱིས“སྨན་པ་དང་སྨན་རྫས་འདང་ངེས”ཡོད་མེད་དང་འཕྲོད་བསྟེན་ཁང་གི་གནས་སྤོ་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཐོན་ཁུངས་བསྡུ་སྒྲིལ་ཡག་པོ་བྱས་ཏེ་རྫོང་དང་ཤང་གི་སྨན་བཅོས་མཉམ་དུ་གཅིག་གྱུར་བྱས་ཐོག་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

བློ་བཟང་རྒྱལ་མཚན་མཚོ་སྨད་རྫོང་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་དང་། གྲོང་རྡལ་ཆ་ཚང་སློབ་ཆུང་། རྫོང་སྨན་ཁང་བཅས་སུ་ཕེབས་སྐབས་འགན་ལེན་ལྔའི་རྒན་རྒོན་དང་། རྒྱ་ཆེའི་དགེ་སློབ། སྨན་བཅོས་འཕྲོད་བསྟེན་མི་སྣ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་མང་ཚོགས་ཀྱིས་ཐུགས་ཁུར་ཟབ་ཤོས་དང་ཐོབ་སེམས་ཆེ་ཤོས་བྱེད་པའི་ཁྱབ་ཁོངས་ནི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དང་ལྷག་པར་དུ་སློབ་གསོ་དང་། སྨན་བཅོས། རྒན་གསོ་བཅས་ཁག་གསུམ་གྱི་ཆེས་རྨང་གཞི་དེ་རེད། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྨང་གཞིའི་རང་བཞིན་དང་མཐའ་སྐྱོང་རང་བཞིན་གྱི་དམངས་འཚོའི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ནོར་སྲིད་མ་དངུལ་དང་བོད་སྐྱོར་མ་དངུལ་གཞི་རིམ་ལ་གཏོང་རྒྱུ་དང་། དམངས་འཚོའི་ཁྱབ་ཁོངས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། སྐྱོན་བྲལ་བོད་ལྗོངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་མཐའ་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐོན་རྫས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

གནད་སྨིན་དབུལ་སྒྲོལ་གྱི་ཐོན་ལས་རྨང་གཞིར་ཕྱོགས་སྐབས་བློ་བཟང་རྒྱལ་མཚན་གྱིས་མཚོ་སྨད་མཛིང་དཀར་ནས་ནག་ཕྱོགས་བསྡུས་ལས་སྣོན་མཉམ་ལས་ཁང་དང་། སྣེ་གདོང་གི་མང་ཚོགས་ལ་ཕན་པའི་ཞིང་ཕྱུགས་ཐོན་རྫས་གཉེར་སྐྱོང་ཆེད་ལས་མཉམ་ལས་ཁང་། ཁྲ་འབྲུག་གྲོང་རྡལ་སྨོན་གྲོང་སྒང་ཡུལ་མི་ཨུ་ལྷན་བཅས་སུ་གཟིགས་ཞིབ་གནང་ནས་ཐོན་སྐྱེད་ཀྱི་གཞི་ཁྱོན་དང་། གཉེར་སྐྱོང་གི་ཕན་འབྲས། ཞིང་ཕྱུགས་དང་ཡུལ་སྐོར་ཁྱད་ལྡན་ཐོན་རྫས་ཀྱིས་མང་ཚོགས་དབུལ་སྒྲོལ་འབབ་འཕར་ལ་སྣེ་ཁྲིད་བྱ་ཚུལ་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ད་ལྟ་འཚོག་བཞིན་པའི་ལྷོ་ཁ་ཡར་ཀླུང་གི་དངོས་ཟོག་སྤེལ་རེས་འདུ་ཚོགས་ཐོག རྫོང་དང་ཤང་ཁག་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ལ་དགའ་བསུ་ཆེན་པོ་ཐོབ་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཐོན་རྫས་ལ་གཟིགས་པ་དང་བྲིན་ཁ་རྒྱུག་མིན་སྐོར་བཀའ་འདྲི་གནང་ནས་ཁྲོམ་བཀྱག་རེ་རེ་བཞིན་དུ་གཟིགས་ཤིང་། ཁོང་གིས་ཆེད་ལས་རྩ་འཛུགས་ཀྱིས་ཐོན་ལས་འཕེལ་རྒྱས་དང་། འབབ་འཕར་ལ་སྐུལ་འདེད། དབུལ་སྐྱོར་རོགས་རམ་བཅས་ཀྱི་ཐད་ནུས་པ་ཧ་ཅང་མངོན་གསལ་དོད་པོ་དགོས་པ་དང་། ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཡོང་བ་བྱེད་པར་ཐོན་ཁུངས་འབེལ་པོར་གཞི་ཚུགས་པ་དང་ཁྲོམ་ར་ཁྲིད་སྟོན་དུ་བྱས་ཏེ་ཞིང་པའི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་སོགས་ཁྲོམ་རའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ལས་དུད་ཚང་དང་མི་ལ་དོན་འཁྱོལ་བྱེད་པའི་གནད་སྨིན་དབུལ་སྐྱོར་ལམ་སྲོལ་འཛུགས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་དབུལ་སྒྲོལ་ལ་ཁྲིད་སྟོན་བྱེད་ནུས་ཆེན་པོ་ལྡན་པའི་ཁྱད་ལྡན་ཐོན་ལས་ཁག་གཅིག་རྒྱ་སྟོབས་ཆེ་རུ་བཏང་ནས་ཁྱད་ལྡན་ཐོན་རྫས་ཆགས་པ་བྱས་ཏེ་མི་འབོར་དབུལ་པོའི་ངལ་རྩོལ་གྱི་རྩལ་ནུས་ཆེ་རུ་ཏན་ཏིག་བཏང་ཐོག་དུད་ཚང་དབུལ་པོའི་གཉེར་སྐྱོང་དང་རྒྱུ་ནོར་གྱི་ཡོང་འབབ་བརྟན་པོའི་ངང་འཕར་ཐུབ་པ་བྱེད་དགོས་ལུགས་བསྟན་གནང་ཡོད།

བློ་བཟང་རྒྱལ་མཚན་གྱིས་ད་དུང་འཕྱོངས་རྒྱས་རྫོང་གྲོང་གི་འཆར་འགོད་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་དང་དགོན་སྡེར་བཅའ་སྡོད་ལས་དོན་རུ་ཁག་ལའང་གཟིགས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།