རང་སྐྱོང་ལྗོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་སྤེལ་བའི་དངོས་བྲིས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-12-12 15:53:11

རང་སྐྱོང་ལྗོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པའི་རོགས་རམ་འོག་ཞིང་འབྲོག་པ་དབུལ་པོ་དེ་བས་མང་བ་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད། ལོ་གཅིག་ནང་མངགས་གཏོང་ཚན་པ་ཁག་གི་ཏང་ཡོན་ལས་བྱེད་པ་དང་དུད་ཚང་དབུལ་པོ55375དང་མི་གྲངས་239034ཡི་དབར“ཆ་སྒྲིག”བཟོས་པ་དང་ལས་དོན་རུ་ཁག་གི་ན་གཞོན་རུ་མི་ཚོ་དང་བཅའ་སྡོད་བྱ་ཡུལ་གྱི་གཞོན་ནུ་དུད་ཚང་9641དང་མི་གྲངས་28507དབར“ཆ་སྒྲིག་གཉེན་འཚོལ”གྱི་ཐབས་ལམ་སྣ་ཚོགས་བརྒྱུད་དབུལ་སྐྱོར་རྣམ་གྲངས་1560དང་མ་དངུལ་སྒོར་དུང་ཕྱུར་7.4བརྩོན་ལེན་བྱས་པ་རེད།

གཞི་གྲངས་ཁ་གསལ་ཡོང་བ་བྱས་ནས“སུ་ལ་རོཌ་སྐྱོར་དགོས་ལུགས”གསལ་པོ་བཟོས་པ།

རང་སྐྱོང་ལྗོངས་ཀྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་གཞོགས་འདེགས་ཀྱིས་དབུལ་སྐྱོར་བརྟག་ཞིབ་བྱས་པ་དང་གྲོང་ཚོ་དང་དུད་ཚང་དུ་སྐྱོད་དེ་བཅར་འདྲི་བྱས་ནས་མི་འབོར་དབུལ་པོའི་གྲངས་ཚད་དང་། ཁྱབ་ཚུལ། དབུལ་པོའི་ཚད་གཞི། དབུལ་པོར་གྱུར་རྐྱེན་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་དུད་ཚང་གཅིག་དང་མི་གཅིག་ཀྱང་མ་ལུས་པར་དུད་ཚང་དབུལ་པོ་དང་མི་འབོར་དབུལ་པོའི་གནས་ཚུལ་མཐིལ་རྟོགས་ཐུབ་པ་བྱེད་པ་དང་དུད་ཚང་རེ་རེ་བཞིན་ཡིག་ཚགས་དང་གཱ་བཟོས་ནས་མི་འབོར་དབུལ་པོའི་གྲངས་གཞི་ཡང་དག་རྒྱོང་བ་དང་ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་རྩིས་ཐོ་བཟོ་དགོས་པ་དུད་ཚང་148695དང་མི་གྲངས་588711ཡོད་པ་ཚང་མར་མི་ལ་མིང་དང་། དུད་ཚང་ལ་གཱ གྲོང་ཚོར་ལག་དེབ་བཅས་ཡོད་པ་དང་གཞི་གྲངས་དང་གནད་དོན་ཁ་གསལ་ཡོང་བ་བྱས་ཡོད། ལོ་གཅིག་ནང་ཁྱོན་བཅའ་སྡོད་བྱ་ཡུལ་གྲོང་ཚོའི(གྲོང་ལྷན)མང་ཚོགས་ཚོར་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་ཐེངས་ཁྲི་3.2དྲིལ་བསྒྲགས་བྱས་པ་དང་དྲིལ་བསྒྲགས་སྒྲོམ་སྟེགས་ཁྲི་1.6བཟོས་པས་སློབ་གསོ་ཐོབ་མཁན་མི་ཐེངས་ཁྲི་380.2ཟིན་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་སྐྱོར་གསར་སྤེལ་ལ་སྐུལ་མ་གཏོང་རྒྱུ་དེ་གྲོང་ཚོར་བཅའ་སྡོད་ལས་འགན་གྱི་གཙོ་གནད་དུ་བརྩིས་ནས་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ལས་དུས་འཕར་མ་བྱེད་པ་དང་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་མཐིལ་རྟོགས་བརྟག་དཔྱད་ཐེངས་ཁྲི་2ལྷག་ཙམ་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་12ལ་བཅར་འདྲི་བྱས་པ། དུད་ཚང་19521དང་མི་གྲངས་59103ལ་ཡིག་ཚགས་དང་གཱ་བཟོས་པ་བཅས་བྱས་ནས་བཅའ་སྡོད་གྲོང་ཚོའི་རོགས་སྐྱོར་བྱ་ཡུལ་གྱི་གཞི་གྲངས་གསལ་པོ་བཟོས་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཨུད་བཅས་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་དུད་ཚང་དུ་བརྟག་དཔྱད་བྱས་ནས་དུད་ཚང་རེ་རེ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པ་དང་དུད་ཚང་དབུལ་པོའི་ཆ་འཕྲིན་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལས་དོན་སྤེལ་ཏེ་མི་འབོར་དབུལ་པོའི་གྲངས་ཚད་དང་། ཁྱབ་ཚུལ། དབུལ་པོའི་ཚད་གཞི། དབུལ་པོར་གྱུར་རྐྱེན་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ནས་མི་དང་དུད་ཚང་ལ་གཞིགས་ཏེ་དབུལ་སྒྲོལ་འཆར་གཞི་བཟོས་པ་དང་ཆ་སྒྲིག་གཉེན་འཚོལ་དང་། རྩལ་ནུས་གསོ་སྦྱོང་། ལས་གཏོད་ཁྲིད་སྟོན། རྣམ་གྲངས་མ་འཇོག གཅེས་སེམས་རོགས་སྐྱོར་སོགས་ཀྱི་ཐབས་ཤེས་བརྒྱུད་དབུལ་སྐྱོར་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོ་ཚང་མར་དོན་འཁྱོལ་ཐུབ་པ་བྱས་ཡོད།

ཐབས་ལམ་བཙལ་ནས་ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྐྱོར་བྱེད་རོགས་བྱས་པ།

“གཞི་གྲངས”གསལ་རྟོགས་ཐུབ་རྗེས་གོམ་སྟབས་རྗེས་མར་ཇི་ལྟར་བྱས་ནས་དུད་ཚང་དབུལ་པོ་དེ་དག་དབུལ་སྒྲོལ་ཐུབ་པ་བྱེད་དགོས་སམ། རང་སྐྱོང་ལྗོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པས“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོར་སྐུལ་མ་ཧུར་ཐག་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་ལ་འགྱུར་བ་བྱས་ནས་ཁ་གཏད་རོགས་སྐྱོར་བཟོས་ཏེ་རྟག་ཏུ་བཅར་འདྲི་དང་ཁོང་ཚོར་ལྟ་བར་སྐྱོད་དེ་དཀའ་ངལ་དངོས་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱས་ཡོད།

ཡུལ་བབ་དང་མི་ལ་བསྟུན་ནས་གནས་ཚུལ་དབྱེ་བ་འབྱེད་པ་དང་། རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱེད་པ། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་དང་དབུལ་སྐྱོར་སྡེ་ཚན་ལ་གཞོགས་འདེགས་ཀྱིས“གནད་སྨིན་དྲུག”དོན་འཁྱོལ་ཧུར་ཐག་བྱས་ནས་སྲིད་ཇུས་དང་བྱེད་ཐབས་ཁག་གྲོང་ཚོ་དང་། དུད་ཚང་་། མི་སྣ་བཅས་ལ་དོན་འཁྱོལ་བྱས་ཏེ་དཀའ་ངལ་སྔ་ཙམ་སེལ་བ་དང་། དབུལ་སྒྲོལ་དངོས་འབྲེལ་ཐུབ་པ། ཕྱུག་པོར་གྱུར་བ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་བྱེད་ཐུབ་པ་བྱས་ཡོད།

ཟླ་11ཚེས་6ཉིན། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་སྨད་ཤང་ཞེ་སྨད་གྲོང་ཚོར་དམིགས་བསལ་གྱི་མཛད་སྒོ་ཞིག་འཚོགས་པ་དེ་ནི་དུད་ཚང་དབུལ་པོ་21དེ་དག་གིས་དབུལ་སྒྲོལ་དཔྱད་ཞིབ་ཐོ་འགོད་རེའུ་མིག་ཐོག་མཛུབ་ཐེལ་དམར་པོ་བརྒྱབ་པ་དེ་རེད། ལོ་57ལ་སླེབས་པའི་ཨོ་ཏིས“མཛུབ་ཐེལ་དམར་པོ་བརྒྱབ་པ་དེ་ལས་ང་ཚོ་སླར་ཡང་དུད་ཚང་དབུལ་པོ་མ་ཡིན་པ་མཚོན་ཡོད། 2015ལོར་ཡིག་ཚགས་དང་གཱ་བཟོས་ནས་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་དབུལ་པོ་ཡིན་པ་གཏན་འཁེལ་བྱས་པ་དང་། ནང་མི་དྲུག་པོའི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་1000ཡང་ཟིན་གྱི་མེད། 2016ལོར་སྤྱི་ཚོགས་འགན་ལེན་མཐའ་སྐྱོང་གིས་ནགས་སྲུང་པའི་གླ་ཕོགས་དང་སྔོག་འཐུའི་གཉེར་སྐྱོང་ཡོང་འབབ་སོགས་གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་རབ་དང་རིམ་པ་བརྒྱུད་ཁྱིམ་ཚང་གི་མི་རེའི་ལོའི་ཡོང་འབབ་སྒོར་3400ལས་རྒལ་ཡོད”ཅེས་བཤད། ཨོ་ཏི་དང་འདྲ་བར་འདི་ལོ་ཞེ་སྨད་གྲོང་ཚོར་དུད་ཚང་དབུལ་པོ་21དབུལ་སྒྲོལ་ཐུབ་པ་བྱུང་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་མ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པས་ཆ་སྒྲིག་གཉེན་འཚོལ་གྱི་རོགས་རམ་དང་། ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར། རྩལ་ནུས་གསོ་སྦྱོང་བྱེད་པ་སོགས་རྣམ་པ་སྣ་ཚོགས་དང་དབུལ་སྒྲོལ་གྱི་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་རང་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

ཁོར་ཡུག་ལེགས་སུ་བཏང་ནས་ཉིན་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།

ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ནི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ད་ལྟའི་རྣམ་པ་མངོན་འགྱུར་ཡོང་བ་བྱེད་པར་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད། རང་སྐྱོང་ལྗོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པའི་ད་ལྟའི་གནས་བབ་ལ་འགྱུར་ལྡོག་གཏོང་རྒྱུ་དེ་ལས་དོན་གཙོ་བོའི་གྲས་ཤིག་ཏུ་བརྩིས་ནས་དམངས་ཆེད་དོན་དངོས་སྒྲུབ་པའི་འགྲོ་གྲོན་གང་ལེགས་སྤྱད་དེ་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

ཁྲེང་ལི་ནི་འཇོ་མདའ་རྫོང་ཉ་གཤིས་ཤང་ཝ་ཀུན་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ལས་དོན་རུ་ཁག་གི་རུ་དཔོན་རེད། གྲོང་ཚོར་བཅའ་སྡོད་མ་བྱས་གོང་། ཁོང་གིས་མངགས་གཏོང་ཚན་པར་བཏོན་པའི་ཆ་རྐྱེན་གཅིག་པུ་དེ་ནི་རྣམ་གྲགས་འཚོལ་བར་སྐྱོད་མི་དགོས་པ་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་ཝ་ཀུན་གྲོང་ཚོར་གྲོང་མི་ཚོའི་དཀའ་ངལ་སྣ་ཚོགས་མིག་མཐོང་ལག་ཟིན་དང་གོ་ཐོས་བྱུང་རྗེས་ཁོང་གིས་དཀའ་ལས་ག་ཚོད་རྒྱག་དགོས་རུང་ཝ་ཀུན་གྲོང་ཚོར་རྣམ་གྲངས་ཁ་ཤས་རག་ཐབས་བྱ་རྒྱུའི་སེམས་ཐག་བཅད།

ཝ་ཀུན་གྲོང་ཚོ་གནས་ཡུལ་ཅུང་ལུང་ཁུག་ཡིན་པས་གྲོང་མི་མང་ཆེ་བས་ཕྱུགས་འཚོ་བ་དང་དབྱར་རྩྭ་དགུན་འབུ་སྔོག་འཐུར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། འོན་ཀྱང་གྲོང་མི་ཚོས་ཕྱུགས་འཚོ་བར་འགྲོ་ས་དང་དབྱར་རྩྭ་དགུན་འབུ་འཐུ་སའི་ལམ་བུ་ཀྱག་ཀྱོག་ཆེ་ལ་ཁོད་མི་སྙོམས་པས་སྐབས་རེ་སྦག་སྦག་ཀྱང་འགྲོ་སྐྱོད་མི་ཐུབ་པར་གྱུར་ཡོད། ཁྲེང་ལིས་གནས་ཚུལ་དེ་དག་མཐོང་སྐབས་སེམས་ཁྲལ་ཆེན་པོ་བྱུང་ནས་དུས་ཚོད་དང་ངལ་ནུས་མང་པོ་སྤྱད་དེ་རང་སྐྱོང་ལྗོངས་དང་། ཆབ་མདོ་གྲོང་ཁྱེར། འཇོ་མདའ་རྫོང་བཅས་ལ་རྣམ་གྲངས་རེ་ཞུ་བྱེད་པར་ཐེངས་མང་སྐྱོད་ཡོད། རྣམ་གྲངས་བརྩོན་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། ཁོང་གིས་ཤོད་པའི་སྐད་ཆ་མང་ཤོས་ནི“རང་ཉིད་ཀྱི་ལས་དོན་ཡིན་ཚེ་མི་སུ་ཞིག་ལའང་རེ་བ་བཏོན་མ་མྱོང་། འོན་ཀྱང་གྲོང་མིའི་ཆེད་དུ་ངས་སུ་ཞིག་ལའང་རེ་བ་འདོན་སྲིད”ཅེས་པ་དེ་ཡིན། ཁོང་གི་དཀའ་ཚེགས་ཆེ་བའི་འབད་བརྩོན་ལ་བརྟེན་ནས་མིག་སྔར་སྒོར་ཁྲི་600ལྷག་ཙམ་མ་འཇོག་བྱེད་རྩིས་ཡོད་པའི་ཝ་ཀུན་གྲོང་ཚོའི་འབྲོག་རར་སྐྱོད་སའི་ལམ་བུ་ཁག་གསུམ་དུས་འགོའི་རྩད་ཞིབ་ཐིག་ལེན་དང་འཆར་འགོད་ལས་དོན་ལེགས་གྲུབ་ཟིན་ནས་རང་སྐྱོང་ལྗོངས་ཀྱི་མཆན་བཀོད་བཀའ་ལན་ཐོབ་ཡོད།

“ང་ཚོས་2020ལོར་སླེབས་སྐབས། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་ཕུལ་དགོས”ཞེས་པ་འདི་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་ལྗོངས་ཡོངས་ཀྱི་མང་ཚོགས་ལ་བླངས་པའི་ཁས་ལེན་ཞིག་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།