རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-12-12 15:53:11

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་སུ། ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་ངོས་ནས་བརྗོད་ན། ཇི་ལྟར་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་མདུན་དུ་ལྷག་པའི་གནད་དོན་གལ་ཆེན་ཞིག་རེད།

ཉེ་ཆར། གསར་འགོད་པས་གནད་དོན་དེའི་སྐོར་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷར་ཆེད་དོན་བཅར་འདྲི་ཞུས་པ་ཡིན། ཆེ་དགྲ་ལྷས་ཐབས་མང་མཉམ་སྤྱོད་བྱས་ཏེ“ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་ལ་གཅིག་འདོམས་བྱེད་པའི”འཐབ་ཇུས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་མཛུབ་སྟོན་གནང་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་ཏང་ལ་ལྷག་བསམ་ཟོག་མེད་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ཐོག་མཐའ་བར་གསུམ་དུ་ཚེ་སྲོག་ལྟ་བུར་བརྩིས་ནས་མདུན་དུ་དོན་པ་དང་གཡོ་འགུལ་སྤུ་ཙམ་མི་གཏོང་བའི་སྒོ་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ཐོག་ཏན་ཏིག་ངང་མངོན་པ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱེད་པའི་ཐོག་མངོན་པར་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་དགོས་པ་དང་།

ངེས་པར་དུ་འགོ་ཁྲིད་ཚན་ཁག་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལས་བྱེད་པ་འདེམས་བསྐོའི་ཚད་གཞི་ནན་སྲུང་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། ལས་བྱེད་པ་བསྐོ་སྤྱོད་སྲོལ་ཡིག་ལག་བསྟར་བཅས་བྱས་ནས་ལྷག་བསམ་ཟོལ་མེད་དང་། སྤྱོད་པ་གཙང་བ། འགན་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། འགོ་ཁྲིད་ཚན་ཁག་ཧྲག་པོ་དང་སྟོབས་ཆེན་ཞིག་བཀོད་སྒྲིག་བྱེད་པ་དང་། ཚན་རིག་དང་མཐུན་ལ་སྤྱོད་གོ་ཆོད་པའི་མི་འདེམས་མི་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གནད་འགག་དམ་འཛིན་གྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས་ལེགས་ཆ་ཕན་ཚུན་གསབ་རེས་དང་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་དགོས་པ། མི་སྤྱོད་ཀྱི་སྟོན་ཕྱོགས་ཡག་པོ་བཏོད་དེ་ཏང་གཤིས་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་སྣང་ཆེན། བྱས་རྗེས་དངོས་ལ་སྣང་ཆེན། གཞི་རིམ་ལ་སྣང་ཆེན། ཀུན་གྱིས་ཁས་ལེན་ལ་སྣང་ཆེན་བཅས་མཐའ་འཁྱོངས་བྱེད་པ་དང་། ཤེས་ལྡན་པ་འགུགས་ཐབས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་པ། ལས་བྱེད་པའི་བྱང་ཚད་མཐོར་གཏོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ་བཅས་བྱས་ནས་བོད་སྐྱོར་ལས་བྱེད་པར་ཡིད་ཆེས་དང་། རྒྱབ་སྐྱོར། དོ་ཁུར་བཅས་བྱེད་དགོས་པ།

གཞི་རིམ་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི“ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་ལ་གཅིག་འདོམས་བྱེད་པའི”འཐབ་ཇུས་ཀྱི་ཕྱོགས་ཆེན་པོ་གཞན་ཞིག་རེད། གཞི་རིམ་གྱི་སྟོབས་ཤུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཏང་སྟོབས་ཆེར་གཏོང་བ་དང་། གཞི་རིམ་སྲ་བརྟན་དུ་གཏོང་བ། གྲོང་ཚོར་རོགས་སྐྱོར་བྱེད་པ”བཅས་ཀྱི་ལས་དོན་མུ་མཐུད་ལག་བསྟར་ཡག་པོ་བྱས་ནས། གཞི་རིམ་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་འཐབ་འཛིང་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་། རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། སྔར་ཡོད་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཤུགས་སྣོན་རྒྱག་དགོས་པ། ཏང་ཡོན་དཔུང་ཁག་སྟོབས་ཆེར་གཏོང་བ་དང་གཞི་རིམ་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་བྱས་ཏེ་ཏང་ཡོན་གྱི་གྲུབ་ཆ་ལེགས་སུ་དང་། ཏང་ཡོན་གྱི་བྱང་ཚད་མཐོར་གཏོང་། ཏང་ཡོན་དཔུང་ཁག་གི་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་བཅས་གཏོང་དགོས་པ། ཚོགས་པའི་རྩ་འཛུགས་སྟོབས་ཆེན་ཞིག་འཛུགས་སྐྱོང་བྱས་ཏེ་མང་ཚོགས་སྒྲིག་འཛུགས་བྱེད་པ་དང་། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་ལྷ་སར་སྲིད་སྐྱོང་བའི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་ཟབ་ཏུ་གཏོང་དགོས་པ།

ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་ལ་ཆེ་དགྲ་ལྷས་ཏང་གི་སྤྱོད་ཚུལ་ཡག་པོ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ཏང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཏང་དང་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་སྟེ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་མི་སྣ་གཞི་རིམ་དུ་སྐྱོད་རྒྱུ་དང་། མ་དངུལ་གཞི་རིམ་དུ་གཏོང་བ། སྲིད་ཇུས་གཞི་རིམ་དུ་ཕྱོགས་པ་བཅས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

ངེས་པར་དུ་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། “འགན་འཁྲི་གཉིས”དོན་འཁྱོལ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། རུལ་སུངས་པར་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་ཀྱི་རྣམ་འགྱུར་ལ་བརྟེན་ནས་རུལ་སུངས་པར་ཆད་གཅོད་བྱེད་དགོས་པ་མ་ཟད། རྫོང་དང་ཆུས་ཀྱི་སྐོར་ཞིབ་ལམ་ལུགས་ཀྱང་ཧུར་ཐག་བཟོ་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།