ཏེང་ཞའོ་ཀང་གིས་བོད་ལྗོངས་སྐམ་དམག་གྲ་སྒྲིག་དམག་ཞབས་མཉམ་གྲུབ་ལུའེ་ལ་གཟིགས་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-15 10:12:31

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། བོད་ལྗོངས་སྐམ་དམག་གྲ་སྒྲིག་དམག་ཞབས་མཉམ་གྲུབ་ལུའེ་ཡི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་བོད་ལྗོངས་སྐམ་དམག་གྲ་སྒྲིག་དམག་ཞབས་མཉམ་གྲུབ་ལུའེ་ལ་གཟིགས་ཞིབ་གནང་སྐབས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། གཡོ་སྒུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་བཞིན་དམག་དཔུང་བཅོས་སྒྲིག་བཅས་མཐའ་འཁྱོངས། དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། ཏང་གི་བཀོད་པར་ཉན་པ་དང་། རྒྱལ་ཁའི་དམག་རྒྱག་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དེང་རབས་ཅན་གྱི་གྲ་སྒྲིག་དམག་ཞབས་དཔུང་སྡེ་ཞིག་འཛུགས་སྐྱོང་ཧུར་ཐག་དགོས་ཞེས་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཅིས་གོ་ཀང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུན་ཧའོ། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་དབང་ཧའེ་ཅང་བཅས་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

བོད་ལྗོངས་སྐམ་དམག་གྲ་སྒྲིག་དམག་ཞབས་མཉམ་གྲུབ་ལུའེ་2005ལོའི་ཟླ་6ཚེས་30ཉིན་བཙུགས་ཤིང་། དེ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། གྲ་སྒྲིག་དམག་ཞབས་མཉམ་གྲུབ་ལུའེ་རུ་ཏེང་ཞའོ་ཀང་གིས་དཔུང་སྡེའི་དཔོན་དམག་ཚོར་ཕྱག་བཏང་ནས་འཚམས་འདྲི་ཞུས་པ་རེད། ལུའེ་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ཏེང་ཞའོ་ཀང་གིས་འདྲ་པར་རེ་རེ་དང་དངོས་རྫས་རེ་རེར་ཞིབ་ཚགས་ངང་གཟིགས་ཏེ་ལས་དོན་ཁག་འཕེལ་རྒྱས་ཀྱི་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བ་རེད། ཉེ་བའི་ལོ་ཤས་རིང་དཔུང་སྡེའི་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གསར་པ་གཟིགས་སྐབས། ཏེང་ཞའོ་ཀང་ཐུགས་མགུ་པོ་བྱུང་ནས་ཚང་མས་ཡང་འབད་བསྐྱར་འབད་བྱས་ཏེ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་སྐུལ་ལྕག་གནང་བ་རེད།

ཏེང་ཞའོ་ཀང་དམག་སྒར་ནང་ཕེབས་ཏེ་དཔོན་དམག་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་འཐབ་འཛིང་པ་ཚོའི་སློབ་སྦྱོང་དང་། སྦྱོང་བརྡར། ལས་ཀ འཚོ་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཚང་མའི་གཙང་ཞིང་བཟོ་ལྟ་ལེགས་པའི་དམག་གོས་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་གཟིགས་སྐབས་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཁོང་གིས་ཚང་མར་ཁྱེད་ཚོ་ནི་གཟི་བརྗིད་ལྡན་པའི་མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཞིག་ཡིན་པས། ལས་འགན་བློ་ལ་བརྟན་པོར་ངེས་ཏེ་འགན་འཁྲི་གཙང་སྒྲུབ་དང་། དཀའ་ཚེགས་ཆེན་པོས་སྦྱོང་བརྡར་བྱས་ཏེ་གདོང་ལེན་པ་ཞིག་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་ལེགས་སྐྱེས་འབུལ་ཕོད་པ་བཅས་བྱས་ཏེ། གངས་ལྗོངས་ས་མཐོར་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།

གོ་ལག་སྒྲིག་ཆས་ཀྱི་གནས་ཚུལ་དང་ལས་དོན་ཁག་གི་སྙན་སེང་གསན་རྗེས། ཏེང་ཞའོ་ཀང་གིས་བོད་ལྗོངས་སྐམ་དམག་གྲ་སྒྲིག་དམག་ཞབས་མཉམ་གྲུབ་ལུའེ་བཙུགས་ཚུན། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕུལ་བའི་ལེགས་སྐྱེས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། གྲ་སྒྲིག་དམག་ཞབས་མཉམ་གྲུབ་ལུའེ་ཡིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཏེང་ཞའོ་ཀང་གིས་གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་དགོས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། གཙང་སེལ་ལས་དོན་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱས་ཏེ། དཔུང་སྡེ་རྦད་དེ་ལྷག་བསམ་རྣམ་དག་དང་། དྭངས་གཙང་ལྷད་མེད། རྦད་དེ་བློས་འགེལ་ཆོག་པ་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་དཔུང་སྡེ་བཅོས་སྒྲིག་གི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དམག་མི་སྒྲིག་འཛུགས་བཅོས་སྒྲིག་གི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་རིམ་བཞིན་གྲོང་ཁྱེར་དང་གྲོང་རྡལ་དང་། ལས་རིགས་ཁོངས་གཏོགས། ལག་རྩལ་མཐོ་བའི་ཐོན་ལས། སྤྱི་དབང་མིན་པའི་ཁེ་ལས་བཅས་སུ་སྣུར་སྲིང་བྱས་ནས་སྤྱོད་གོ་ཆོད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ། དངོས་འཐབ་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། དངོས་འཐབ་རང་བཞིན་གྱི་བླང་བྱ་གཞིར་བཟུང་སྦྱོང་བརྡར་ནན་པོ་བྱས་ཏེ་སྦྱོང་བརྡར་དང་དངོས་འཐབ་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་དཔུང་སྡེ་འབོད་དུས་ཡོང་ཐུབ་པ་དང་། ཡོང་ནས་དམག་རྒྱག་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་འགན་ལེན་བྱེད་དགོས་པ། བཞི་ནས་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དམག་དཔུང་ནན་པོས་སྐྱོང་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ། གཞི་རིམ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་དཔུང་སྡེ་བདེ་འཇགས་བརྟན་ལྷིང་དང་དཔུང་སྡེ་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་དང་། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དཔུང་སྡེར་རྒྱབ་སྐྱོར་དང་འགན་ལེན་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དཔུང་སྡེའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་དགོས་པ་དང་། རྒྱ་ཆེའི་དཔོན་དམག་ཚོས་ལྷག་བསམ་རྣམ་དག་ངང་འགན་འཁྲི་བསྒྲུབས་པ་དང་རྒྱལ་སྲུང་ཆེད་རང་ནུས་སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།