ཝུའུ་དབྱིང་ཅེས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཀྲུའུ་གོ་པེའོ་བཅས་པ་དང་མཇལ་འཛོམས་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-14 10:23:23

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་དབྱང་དམག་ཨུད་སྒྲིག་ཨུད་ཀྱི་ཆེད་བསྐོས་ཨུ་ཡོན་ཀྲུའུ་གོ་པེའོ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཝང་ཅན་ཝུའུ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཝང་རུའེ་ལན་དང་ཅང་ཅེ་བཅས་ཀྱིས་ཕེབས་རོགས་ཞུས་པ་རེད།

ཝུའུ་དབྱིང་ཅེས་དང་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་དང་བཅས་པ་བོད་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག“བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་པ་དེ་ནི་ཏང་ཡོངས་ཀྱི་གདམ་ག་དང་། མི་དམངས་ཀྱི་གདམ་ག ལོ་རྒྱུས་ཀྱི་གདམ་ག་བཅས་ཡིན་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། བོད་འདི་ཉིད་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་དང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པའི་འཐབ་ས་དང་པོ་དང་གཡུལ་ས་གཙོ་བོར་གནས་ཡོད།

བོད་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་དང་། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་བཏང་སྟེ་བསམ་བློའི་ཐོག་སྲོག་ཤིང་ལ་བརྩི་བཀུར་དང་། ཆབ་སྲིད་ཐོག་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐོག་སྲོག་ཤིང་ལ་བློ་དཀར། བྱ་སྤྱོད་ཐོག་སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་དགོས། ད་ཐེངས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་གནང་བ་གོ་སྐབས་སུ་བརྩིས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ལ་སྔར་བས་དམ་འཛིན་བྱེད་པ་དང་། རང་རྟོགས་ངང《ཚད་གཞི》དང《སྲོལ་ཡིག》ལ་ལྟ་བསྡུར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བློ་དཀར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བོད་དུ་རྩ་བ་ཚུགས་པ་དང་ཡལ་ག་རྒྱས་པར་སྔར་བས་སྐུལ་འདེད་གཏོང་དགོས་པ་བསྟན་གནང་བ་རེད།

བོད་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་རགས་ཙམ་གནང་རྗེས། ཝུའུ་དབྱིང་ཅེས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་འཆར་འགོད་ཞིབ་ནན་བྱས་ཏེ། འཕྲལ་མར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེ་ཚོགས་འདུ་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་ཚང་མ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། བརྡ་ཐོ་བཏང་ནས་སློབ་སྦྱོང་ལག་བསྟར་བྱ་རྒྱུར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་དགོངས་དོན་གྱི་སྙིང་པོར་གོ་བ་གཏིང་ཟབ་ལོན་པ་དང་ཁོང་དུ་ཆུད་པ་བྱས་ཏེ། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཐོག ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། བློ་མཐུན་ཞིས་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བློ་དཀར་བཅས་བྱས་ཏེ་བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཀྱང་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རིམ་པ་བཞིན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། སེམས་ནང་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར། འབྲེལ་ཡོད་སྡེ་ཚན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་འབྲེལ་ཡོད་ཡིག་ཆ་བོད་ཡིག་ཏུ་མགྱོགས་མྱུར་སྒྱུར་བཞིན་ཡོད་པ་དང་། ཞིང་འབྲོག་ཁུལ་དུ་བསྐྱོད་དེ་རྒྱ་ཆེའི་གཞི་རིམ་ལས་བྱེད་དང་ཞིང་འབྲོག་མང་ཚོགས་ལ་གཅིག་སྡུད་སྒྲོག་འགྲེལ་བྱས་ནས། ལྗོངས་ཡོངས་སུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱས་ཐོག ཕུལ་བྱུང་གི་གྲུབ་འབྲས་ལས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བསྟན་གནང་བ་རེད།

ཀྲུའུ་གོ་པེའོ་ཡིས་ད་ཐེངས་བོད་དུ་བསྐྱོད་རྗེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་འགོ་ཁྲིད་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་མངོན་གསལ་དོད་པའི་རྣམ་འགྱུར་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཐོག་ལྟར་དྲག་ལ། རླུང་ལྟར་མྱུར་བའི་ལས་ཀའི་སྤྱོད་ཚུལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པ་བཅས་ཀྱི་མྱོང་ཚོར་གཏིང་ཟབ་བྱུང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་གསེད་བཀྲོལ་ཡག་པོ་དང་མཚོན་ཐབས་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།