ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་སྙན་ཞུའི་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-14 10:15:00

ཟླ་11ཚེས་11ཉིན་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྙན་ཞུའི་ཚོགས་འདུ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འཚོགས་ཤིང་། འདི་ནི་སྙན་ཞུའི་ཚོགས་འདུའི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། ཚེས་11ཉིན་གྱི་སྔ་དྲོ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་སྙན་ཞུའི་ཚོགས་འདུ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འཚོགས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་དབྱང་དམག་ཨུད་ཀྱི་སྒྲིག་ཨུད་ཀྱི་ཆེད་བརྐོས་ཨུ་ཡོན་ཀྲུའུ་གོ་པེའོ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་བློ་མཐུན་དང་ལྷ་སར་ཡོད་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་མཁན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་སྙན་ཞུའི་ཚོགས་འདུར་ཕེབས་ཡོད་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག་ཀྲུའུ་གོ་པེའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།

ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་མངོན་གསལ་དོད་པོས་དམ་འཛིན་བྱེད་པ་བཅས་ཕྱོགས་བཞི་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་གསལ་འགྲེལ་གནང་བ་རེད།

ཀྲུའུ་གོ་པེའོ་ཡིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བརྗོད་བྱ་གཙོ་བོ་གཅིག་ལ་བསྡིགས་པ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་དང་། སྲོག་ཤིང་གི་གནས་བབ་གཅིག་གཏན་འཁེལ་བྱས་པ་དེ་ནི“བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་པ་དེ་ཡིན་པ། ལམ་ལུགས་ཀྱི་མཚོན་ཆ་རྣོན་པོ་གཉིས་བཙུགས་པ་དེ་ནི《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》གཉིས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་ཡིན་པ། གྲོས་ཆོད་གལ་ཆེན་ཞིག་བྱུང་བ་དེ་ནི་སང་ལོའི་ལོ་སྨད་དུ་པེ་ཅིང་དུ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུའི་གྲོས་ཐག་བཅད་པ་དེ་ཡིན་པ། ལས་དོན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་པ་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བཀོད་སྒྲིག་བྱས་པ་དེ་ཡིན་པ་རེད།

ཀྲུའུ་གོ་པེའོ་ཡིས་བསྟན་དོན། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་ཚད་ལྡན་དུ་གཏོང་བ་རྩ་བར་གྱུར་པའི་བསམ་བློའི་སློབ་གསོ་དང་། འགག་རྩར་གྱུར་པའི་སྒྲིག་ཁྲིམས་ནན་པོ། ཕྱོགས་སྟོན་དུ་གྱུར་པའི་མི་སྣ་འདེམས་སྤྱོད་ལས་དོན་བཅས་དམ་འཛིན་བྱེད་དགོས་པ་དང་ཆབས་ཅིག རྒྱུན་གཏན་རང་བཞིན་གྱི་བྱེད་ཐབས་སུ་གྱུར་པའི་རྩ་འཛུགས་འཚོ་བ་བེད་སྤྱོད་ཡག་པོ་དང་། འགག་རྩའི་ལྷུ་ཚིགས་གཉིས་སུ་གྱུར་པའི་རྒྱུན་འཛིན་དང་གསར་གཏོད་དམ་འཛིན་ལྷོད་མེད་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་། སྒྲིག་ཨུད་དང་ཏང་གི་ལས་དོན་སྡེ་ཚན་ཁག་གིས་སོ་སོའི་འགན་འཁྲི་འཁུར་བ། ཏང་ཡོན་ཚོའི་དམངས་གཙོའི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཕྱི་ཕྱོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱེད་པ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་ཆ་མཚོན་ན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་རྩ་བའི་བླང་བྱ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་ཐོག་མཐའ་བར་གསུམ་དུ་སྲུང་བརྩི་ཞུས་ནས་ཏང་ཡོངས་ཀྱི་གང་གསུང་དེ་སྒྲུབ་ལ་འགན་ལེན་བྱེད་དགོས།

ཝུའུ་དབྱིང་ཅེས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཏང་ཨུད་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་འཕྲལ་དུ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུ་དང་། ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་མཁན་གྱི་ཞིང་ཆེན་རིམ་པའི་ལས་བྱེད་པར་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆེད་མངགས་བརྡ་ཁྱབ་གཏོང་དགོས། ཟླ་10ཚེས་28ཉིན། ལྗོངས་ཏང་ཨུད་ཀྱིས་བརྡ་ཐོ་བཏང་ནས་སློབ་སྦྱོང་དང་ལག་བསྟར་ཐད་ཞིབ་ཕྲའི་བཀོད་སྒྲིག་གནང་བས། ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཅིག་སྡུད་སློབ་སྦྱོང་དང་། བཞུགས་མོལ་བགྲོ་གླེང་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་པས་སློབ་སྦྱོང་གི་ཚ་རླབས་ཤིག་གང་མགྱོགས་འཕྱུར་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

ཝུའུ་དབྱིང་ཅེས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀྲུང་དབྱང་དམག་ཨུད་དང་སྒྲིག་ཨུད་ཀྱི་ཆེད་འགན་ཨུ་ཡོན་བློ་མཐུན་ཀྲུའུ་གོ་པེའོ་ཆེད་མངགས་བོད་དུ་ང་ཚོར་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་དང་འགྲེལ་བཤད་བསྐྱོན་པར་ཕེབས་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོར་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། རིམ་པ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་ད་ཐེངས་ཀྱི་སྒྲོག་འགྲེལ་དེ་གོ་སྐབས་དང་མཛུབ་ཁྲིད་དུ་བརྩིས་ནས་བོད་འདི་ཉིད་ས་བབ་མཐོ་པོ་ཡོད་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དང་། 《ཚད་གཞི》དང་། 《སྲོལ་ཡིག》སློབ་སྦྱོང་བྱེད་རྒྱུའི་བླང་བྱ་སྔར་བས་མཐོ་པོ་ཡོད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བོད་ཀྱི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དམིགས་བསལ་ཡིན་མོད། འོན་ཀྱང་ཏང་ནན་པོས་སྐྱོང་རྒྱུ་དང་རུལ་རྒོལ་གཙང་སྤེལ་ཐད་དམིགས་བསལ་གང་ཡང་མེད་པའི་འདུ་ཤེས་བརྟན་པོར་འཛུགས་པ། བོད་དུ་གསོ་རླུང་དཀོན་པ་དང་རླུང་གནོན་དམའ་པོ་ཡོད་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་། 《ཚད་གཞི》དང《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་བཅས་ཀྱི་ཚད་གཞི་གཏན་ནས་དམའ་མི་རུང་བའི་འདུ་ཤེས་བརྟན་པོར་འཛུགས་པ། བོད་འདི་ཉིད་རྒྱལ་ས་པེ་ཅིང་དང་བར་ཐག་རིང་པོ་ཡོད་མོད། འོན་ཀྱང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་བར་བྱེད་དགོས་པ། དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ནས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་དགོས་པ། དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ། དོན་འཁྱོལ་གཏིང་ལེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ཁར། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆོད་སེམས་ལ་བརྟེན་ནས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་པོ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

སྙན་ཞུའི་ཚོགས་འདུ་གྲོལ་རྗེས་ཀྲུའུ་གོ་པེའོ་ཡིས་ད་དུང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཚོ་དང་ཕན་ཚུན་སྤེལ་རེས་གནང་སྟེ་ལས་བྱེད་པ་དང་མང་ཚོགས་ཚོས་བཏོན་པའི་དྲི་བར་ལན་བསྐྱོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།