སྣོད་བཅུད་ཞོག་ཁོག་ལ་བརྟེན་ནས་རྩྭ་པ་གྲོང་ཚོ་ཕྱུག་པོར་གྱུར།

| 2016-11-01 17:11:28

སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཐོག་གསར་འགོད་པས“གསར་གཏོད་བོད་ལྗོངས་འགྲེམས་ཁང”ནས་ཁྲོམ་རར་གསར་དུ་བཏོན་པའི་སྣོད་བཅུད་ཞོག་ཁོག་ཅིག་མཐོང་བྱུང་བ་དེའི་ཕྱིའི་བཟོ་ལྟ་མཛེས་ལ་བྲོ་བ་ཞིམ་པས། བྲོ་བ་ལྟ་མྱོང་མཁན་ཚང་མས་བསྔགས་བརྗོད་ཚད་མེད་བྱེད་པ་དེ་ནི་ཟངས་རི་རྫོང་རོང་ཤང་རྩྭ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོང་མིའི་སྣེ་ཁྲིད་དེ་བཏབ་པའི་སྣོད་བཅུད་ཞོག་ཁོག་རེད།

ཟླ་10ཚེས་21ཉིན། གསར་འགོད་པ་ལས་དོན་ཚོགས་ཆུང་དང་མཉམ་དུ་རྩྭ་པ་གྲོང་ཚོར་སྐྱོད་སྐབས་སྣོད་བཅུད་ཞོག་ཁོག་དེ་སླར་ཡང་མཐོང་བྱུང་ལ། ཞོག་ཁོག་འདེབས་མཁན་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲུའི་ཁྲུའུ་ཀྲང་རྩྭ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ནོར་བསྟན་ཡང་ཕྲད་བྱུང་།

ན་ནིང་ཟླ་12པར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྟག་དཔྱད་ནན་ཏན་བྱས་པ་བརྒྱུད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་འབྲེལ་མཐུད་ཡང་ཡང་བྱས་པ་མ་ཟད། རྒྱ་ཆེའི་གྲོང་མི་ཚོའི་བསམ་འཆར་ཉན་རྗེས། ཁྱད་ལྡན་ཞོག་ཁོག་འདེབས་པར་དམ་འཛིན་བྱས་ནས་གྲོང་ཚོ་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་སྐྲུན་རོགས་བྱས་པ་རེད།

ནོར་བསྟན་དང་རུ་མི་ཚོས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ལྷན་དུ་ཁྲོམ་རར་བརྟག་དཔྱད་བྱས་པ་བརྒྱུད། ཨེ་མ་སྒང་གི་ཞོག་ཁོག་དང་། མཚོ་སྔོན་གྱི་ཞོག་ཁོག་ཨང་9པ། སྣེ་གདོང་རྫོང་སྐྱེད་པ་ཤང་གི་སྔ་སྨིན་ཞོག་ཁོག་བཅས་རིགས་གསུམ་གྱི་སོན་སྤྱི་རྒྱ་9000ཉོས་ནས་འདི་ལོའི་ཟླ་4པར་རྩྭ་པ་གྲོང་ཚོའི་མཉམ་སྡེབ་ཀྱི་ས་ཞིང་མུའུ་60ལ་ཞོག་ཁོག་བཏབ་པ་རེད།

ལུད་བརྒྱབ་མེད་ལ་ཞིང་སྨན་ཡང་མ་གཏོར་བར་ཟླ་བ་5འཚར་སྐྱེ་བྱས་པ་བརྒྱུད། ཟླ་9པར་སྣོད་བཅུད་ཞོག་ཁོག་ལ་ལོ་ལེགས་བྱུང་ནས་སོན་སྤྱི་རྒྱ་9000ནས་སྣོད་བཅུད་ཞོག་ཁོག་སྤྱི་རྒྱ་ཁྲི་6ཐོན་པ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་མཐུན་སྦྱོར་ཧུར་ཐག་འོག ཞོག་ཁོག་དེ་དག་ཁྲོད་ནས་ཁག་གཅིག་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ཀྱིས་རིན་གོང་མཐོ་པོས་ཉོས་པ་ཕུད། ལྷག་མ་རྣམས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ལྷད་མེད་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཉོས་ནས་གྲོང་མི་ཚོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་12བྱུང་བ་རེད།

དེ་སྔ་རང་ལྗོངས་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་རྣམ་པ་ནི“ཀུང་སི་དང་ཞིང་དུད”ཟུང་དུ་འབྲེལ་བ་ཞིག་ཡིན་མོད། འོན་ཀྱང་དོན་དངོས་ཐོག་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཆ་འཕྲིན་ཐོས་དཀའ་བ། འབྲེལ་མཐུད་བྱེད་མི་བདེ་བ་སོགས་ཆ་རྐྱེན་སྣ་ཚོགས་ཀྱི་ཚོད་འཛིན་འོག ཞིང་དུད་དང་ཀུང་སི་འབྲེལ་མཐུད་ཡུན་རིང་དང་བདེ་བླག་ཡོང་གི་མེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཡོད་པ་ནས་བཟུང་། ཚོད་འཛིན་དེ་དག་མེད་པར་གྱུར་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཞིང་དུད་དང་ཀུང་སིའི་དབར་གྱི་འབྲེལ་ཐག་ལྟ་བུར་གྱུར་པ། ཞིང་དུད་དང་ཀུང་སིའི་དབར་གྱི་ཟམ་པ་ལྟ་བུ་དང་། གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་གྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི“སྣེ་ཁྲིད་པར”གྱུར་པ་བཅས་རེད།

གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་ཀའི་བསམ་ཕྱོགས་ཁ་གསལ་དང་། ལས་ཀའི་རྣམ་འགྱུར་ལེགས་པ། ལས་ཀའི་སྤྱོད་ཚུལ་ཡག་པ་བཅས་ཀྱིས་མང་ཚོགས་ལ་བསམ་ཕྱོགས་གསར་གཏོད་དང་མཐོང་རྒྱ་ཆེ་རུ་བཏང་ནས་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ལམ་བུ་འཚོལ་ཞིབ་བྱེད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་སྲོལ་བཙུགས་པ་དང་མང་ཚོགས་ལ་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་དང་ཁྲིད་སྟོན་བྱས་ཏེ། རྩྭ་པ་གྲོང་ཚོར་ཞོག་ཁོག་བཏབ་པ་ལྟར་ནོར་བསྟན་དང་ཁོང་གི་རུ་མི་ཚོས་རྩྭ་པ་གྲོང་ཚོར“ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག”ཞིག་བཞག་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།