ཡུས་ཀྲེང་ཧྲེང་གི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གསུང་བཤད།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-09 17:03:31

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

དགའ་སྐྱིད་དཔལ་ལ་རོལ་ཞིང་བཀྲ་ཤིས་པའི་ཉིན་མོ་འདིར། ང་ཚོ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་བརྩེ་སེམས་ཟབ་མོ་བཅངས་ཏེ་ལྷ་སར་ཡོང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན། དང་ཐོག་ངས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། ལས་རིགས་ཁག་གི་མི་སྣ། མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། བོད་ལ་ཐུགས་ཁུར་དང་དགའ་ཞེན། བོད་གོང་འཕེལ་དང་ཡར་ཐོན་ཡོང་བར་རྒྱབ་སྐྱོར་གནང་མཁན་སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

1965ལོའི་ཟླ་9ཚེས་1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་ལྷ་སར་རྒྱལ་ཁའི་ངང་སྐོང་ཚོགས་བྱས་ཏེ། བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་དང་པོས་བཏོན་གནང་བའི་མཁས་མཛངས་ལྡན་པའི་ཐབས་ཇུས་ཤིག་ཡིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དེས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པའི་རླབས་ཆེའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་མཆོང་སྐྱོད་ཤིན་ཏུ་ཆེན་པོ་བྱུང་ནས་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་ཡོང་རྒྱུར་འགན་སྲུང་བརྟན་པོ་ཐུབ་ཅིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དེ་ནས་བཟུང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་ཐུབ་པ་བྱུང་བ་རེད།

མི་ལོ་50ཡི་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སྟོབས་ཆེར་སྐྱེད་ངང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ལས་ལ་བརྩོན་ཞིང་བློ་རིག་ལ་བརྟེན་ནས་མཛད་རྗེས་ངོ་མཚར་ཅན་ཡང་ཡང་བཏོད་ཐོག སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་སྟེ། གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་གོང་འཕེལ་ཆེན་པོ་ཐོབ་པ་དང་། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལྡབ་68དང་། ས་གནས་ནོར་སྲིད་ཀྱི་ཡོང་འབབ་ལྡབ་564འཕར་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་སྟེ། མཚོ་བོད་ལྕགས་ལམ་གཞིས་རྩེ་བར་བཟོས་ཚར་བ་དང་། ས་ཐག་རིང་བའི་མངའ་རིས་ས་ཁུལ་ལ་མཁའ་ལམ་ཤར་གཏོང་ཐུབ་པ། མཚོ་བོད་དང་ཁྲོན་བོད་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གཞིས་བོད་ལ་གློག་ཤུགས་ཀྱི“མཁའ་ལམ”བསྐྲུན་པ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཁྱོན་ཡོངས་ནས་ཡར་ཐོན་བྱུང་བ་དང་། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཤུགས་ཆེན་ཕྱིན་པ་དང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་པ། འབྱུང་ཁམས་ཁོར་ཡུག་ལེགས་པོ་རྒྱུན་སྲུང་ཐུབ་པ་བཅས་བྱུང་ཡོད། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་སོང་བ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་བྱུང་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བ་བཅས་བྱུང་ཡོད། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོབ་གང་ལེགས་ཐུབ་ཅིང་། མི་རིགས་ཁག་གི་མི་དམངས་ཚོས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་ཏཱ་ལའི་རུ་ཚོགས་དང་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ཟམ་མི་ཆད་པར་ཕམ་ཉེས་སུ་བཏང་ནས་བོད་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་གི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད།

མི་ལོ་50ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་སྒྱུར་བཀོད་གོང་འཕེལ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ལྷོད་མེད་བྱེད་པའི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་ལྟ་བུའི་མཛད་རྗེས་ཆེན་པོ་བཞག་ཡོད། འོད་སྟོང་འབར་བའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ནི་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པོ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་པོ་དང་མཁས་མཛངས་ལྡན་པའི་ཐབས་ཇུས་ལས་བྱུང་བའི་འབྲས་བུ་ཞིག་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྔར་སོང་རྒྱུན་འཛིན་དང་ཡང་དག་པའི་འགོ་ཁྲིད་གནང་བ་ལས་བྱུང་བའི་འབྲས་བུ་ཞིག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་དང་ལྷག་བསམ་རྣམ་དག་གི་རོགས་རམ་གནང་བ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན། འོད་སྟོང་འབར་བའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པ་ལས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འདིའི་ཆེས་ཆེའི་ཁྱད་འཕགས་རང་བཞིན་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་མངོན་ཡོད། མཚམས་འདིར་ང་ཚོས། བོད་ཀྱི་གོང་འཕེལ་ཡར་ཐོན་དང་མེས་རྒྱལ་མཐའ་མཚམས་སྲ་བརྟན་གཏོང་ཆེད་བློ་གྲོས་དང་སེམས་ཤུགས་གང་ཡོད་བཏོན་པ་མ་ཟད། ཚེ་སྲོག་ཀྱང་བློས་གཏོང་མཁན་སྔོན་གཤེགས་དཔའ་བོ་རྣམས་ལ་སྙིང་དབུས་ནས་དྲན་གསོ་ཞུ་རྒྱུ་དང་། ཁོང་རྣམ་པའི་རླབས་ཆེན་གྱི་མཛད་རྗེས་དང་བླ་ན་མེད་པའི་སྤྱོད་བཟང་ཇི་སྲིད་བར་དུ་གནས་གྱུར་ཅིག

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་བཅས་ཀྱི་གལ་ཆེའི་དུས་སྐབས་སུ་སླེབས་ཡོད་ལ། བོད་འདི་ཉིད་ཀྱང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་། འབྱུང་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག འཐབ་ཇུས་ཐོན་ཁུངས་གསོག་འཇོག་གི་རྟེན་གཞི་གལ་ཆེན་ཞིག ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལམ་ཆེན་གལ་ཆེན་ཞིག་བཅས་ཡིན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས། བོད་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། བོད་ལྗོངས་དར་རྒྱས་གོང་འཕེལ་ཡོང་བ་བྱེད་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་འདུན་ཆེན་པོ་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་ཡིན།

ཉེ་ཆར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་ཚོགས་གནང་སྟེ་བོད་ཀྱི་མ་འོངས་གོང་འཕེལ་གྱི་བརྗིད་ཆེའི་འཆར་འགོད་ཆ་ཚང་གནང་བ་དེའི་ཐོག་ནས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་དང་དམིགས་བསལ་གྱི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཐུབ་པ་མ་ཟད། ཏང་གི་བོད་ཀྱི་ལས་ཀའི་ལོ་རྒྱུས་ཐོག་སླར་ཡང་དོན་སྙིང་གལ་ཆེན་ལྡན་པའི་ལམ་ཚད་རྡོ་རིང་ཞིག་ཏུ་གྱུར་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་ལག་བསྟར་མཐའ་འཁྱོངས་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ཏེ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་རྒྱུན་འཁྱོངས་བྱས་ཐོག རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ། འབྱུང་ཁམས་ཁོར་ཡུག་ལེགས་པོ་ཡོང་བ་བཅས་ཀྱི་འགན་སྲུང་བྱས་ཏེ་ཐུན་མོང་ཐོག་སྔར་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུར་ཀྲུང་དབྱང་ནས་ཐུགས་རེ་ཆེན་པོ་གནང་གི་ཡོད།

དང་པོ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བདེ་རྩར་ཐུག་ས་ཞིག་ཡིན་པར་བརྟེན། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་རྒྱུ་དེ་སྲོག་རྩ་ལྟ་བུར་བརྩིས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་འབྲེལ་འདྲིས་ཐུབ་པ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་བརྟན་དང་ཇེ་ཟབ་ཏུ་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་བཅངས་པའི་མོས་སེམས་ཆེ་རུ་གཏོང་དགོས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཆེས་རྒྱ་ཁྱབ་ཏུ་བཏང་བ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་གང་ཐུབ་བྱས་ནས་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་མི་སེམས་དང་སྟོབས་ཤུགས་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་བརྗིད་ཆེའི་དམིགས་ཚད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུའི་ཐོག་གཅིག་སྒྲིལ་ཡོང་བ་བྱེད་དགོས།

གཉིས་པ། ཁྲིམས་ལྟར་བོད་སྐྱོང་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཁྲིམས་ལྟར་བོད་སྐྱོང་རྒྱུ་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་འགན་སྲུང་ཞིག་ཡིན། ཁྲིམས་ལྟར་རྒྱལ་སྐྱོང་ཇུས་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་སྐྱོང་གི་བསམ་བློ་དར་སྤེལ་ཤུགས་ཆེ་གཏོང་བ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཐུས་ཚང་བཟོས་ནས་སྔར་ལས་འཐུས་སྒོ་ཚང་བའི་ཁྲིམས་ལུགས་ཀྱི་མ་ལག་ཅིག་ཆགས་པ་བྱེད་དགོས། ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་དོ་དམ། ཁྲིམས་ལྟར་ལས་སྒྲུབ་བཅས་བྱས་ནས་ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་དབང་ཆ་དང་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེ་སྤེལ་ནས་དམངས་ཡོངས་ཀྱིས་ཁྲིམས་ལ་བརྩི་བཀུར་དང་། ཁྲིམས་སློབ་སྦྱོང་། ཁྲིམས་སྲུང་བ། ཁྲིམས་བེད་སྤྱོད་བཅས་བྱེད་པའི་སྣང་ཚུལ་བཟང་པོ་ཞིག་གཏོད་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་འགལ་བ་དང་གནད་དོན་ཐག་གཅོད་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་བཏང་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

གསུམ་པ། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་འདྲ་བར་བོད་འདི་ཉིད་ཀྱང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་མཚམས་སུ་སླེབས་ཡོད་པས། ཀྲུང་དབྱང་ནས་བོད་ལ་འཛིན་པའི་དམིགས་བསལ་སྲིད་ཇུས་མུ་མཐུད་ལག་བསྟར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁ་གཏད་བོད་སྐྱོར་ལས་དོན་མུ་མཐུད་ཡག་པོ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་བོད་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བོད་ལ་དམིགས་བསལ་གྱི་གནས་ཚུལ་དང་དགེ་མཚན་ལྡན་པས། དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་། དམངས་འཚོར་ཁྲིད་སྟོན་བྱ་རྒྱུ་གཙོ་བོར་བཟུང་ནས་ས་ཁུལ་བར་གྱི་ཧེ་བག་རིམ་བཞིན་ཆུང་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་ཏན་ཏིག་ངང་མགྱོགས་སུ་གཏོང་དགོས། དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པའི་བླང་བྱ་དང་འཚམ་ཐུབ་པ་བྱས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་ནས་རང་ངོས་གོང་འཕེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་གོམ་པ་བརྟན་པོའི་ངང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “འབྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་དགོས་པའི”རྩ་དོན་མཐའ་འཁྱོངས་ཀྱིས་འབྱུང་ཁམས་ཁོར་ཡུག་ལེགས་པོ་ཡོང་བའི་འགན་ལེན་བྱས་ཐོག་ཕ་ཚ་བུ་རྒྱུད་ལ་རི་ཆུ་དྭངས་ཤིང་མཁའ་རླུང་གཙང་བའི་འབྱུང་ཁམས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

བཞི་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཞིག་ཡིན། ལས་ཞུགས་ཨང་དང་པོ་དང་། སློབ་གསོ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲོམ་རས་ཁྲིད་སྟོན་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་བཏང་ཞིང་། ལས་ཞུགས་ཀྱིས་ཁྲིད་སྟོན་བྱས་ཏེ་སློབ་གསོ་གོང་འཕེལ་གཏོང་དགོས། ཞིང་འབྲོག་ཁུལ་གཙོ་གནད་དུ་བྱས་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཉེན་ཡོད་ཁང་རྙིང་སྒྱུར་བཀོད་མུ་མཐུད་བྱེད་པ། སྤྱི་ཚོགས་འགན་བཅོལ་མ་ལག་དང་སྤྱི་ཚོགས་རོགས་སྐྱོབ་མ་ལག་གང་མགྱོགས་འཛུགས་པ། གནད་སྨིན་དབུལ་སྐྱོར་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་མ་ཟད། སྲུང་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་རྒྱུན་འཛིན་བྱེད་དགོས་པ་དང་གསར་གཏོད་བྱེད་པའི་བརྒྱུད་རིམ་ནང་གོང་འཕེལ་གཏོང་དགོས། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཡོང་འབབ་དེ་བས་མང་བ་དང་། སློབ་གསོ་དང་སྨན་བཅོས། སྡོད་ཁང་། དེ་བཞིན་སྤྱི་ཚོགས་འགན་སྲུང་བཅས་ཀྱི་ཆ་རྐྱེན་དེ་བས་ལེགས་པ་ཡོང་བ་བྱས་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།

རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ནི་ཏང་གི་སྲིད་ཇུས་ལག་བསྟར་བྱེད་མཁན་དང་མི་རིགས་ཁག་གི་མི་དམངས་ཚོའི་སྤྱི་ཞབས་པ་ཡིན་ཞིང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པ་བཅས་ནི་རྒྱལ་ཁབ་ཀྱི་མཐའ་མཚམས་དང་བོད་ཀྱི་བརྟན་ལྷིང་། མི་རིགས་ཁག་གི་མི་དམངས་ཚོའི་རྩ་བའི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་མཁན་གྱི་ལྷག་བསམ་དག་པའི་སྲུང་དམག་ཅིག་ཡིན་པས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ། “བོད་སྐྱོད་རྒན་རབས་པའི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་བསམ་བློ་གཏོང་བ་དང་། མི་དམངས་ཀྱི་ཁེ་ཕན་དེ་ཨང་དང་པོར་བཞག་སྟེ་འགན་འཁྲིར་ངོ་མི་གནོང་བ་དང་། ལས་སྒྲུབ་འགན་འཁུར་བྱས་ནས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་སླར་ཡང་མཛད་རྗེས་གསར་པ་འཇོག་དགོས།

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། ང་ཚོའི་རྒྱལ་ཁབ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དབྱར་མཚོ་རྒྱས་པ་ལྟར་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། བོད་ཀྱི་འབྱུང་འགྱུར་མདུན་ལམ་བཟང་ཞིང་རེ་བས་ཁེངས་ཡོད་པས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཕྱར་བ་གྲུ་འདེགས་དང་། ལམ་བཤངས་མདུན་སྐྱོད་ངང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བོད་ལྗོངས་ཀྱི་ལེའུ་བརྩམ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་དང་།

བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

བཀྲ་ཤིས་བདེ་ལེགས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།