ཁྲེན་ཆོན་གོ་ཡི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གཏམ་བཤད།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-09 17:02:28

0909bt1.jpg

འདི་ནི་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གནང་བཞིན་ཡོད་པ།

གུས་ཤིང་བརྩེ་བའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་མཆོག་དང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དབུ་ཁྲིད་ལྷན་རྒྱས།

སྐུ་མགྲོན་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་གྲོགས་པོ་རྣམ་པ།

རི་བོ་ཇོ་མོ་གླང་མས་སྤོབས་ཉམས་དགུང་དུ་བཏེགས། ཆུ་མོ་ཡར་ཀླུང་གཙང་པོས་དགའ་བའི་རླབས་སྒྲ་སྒྲོག སྐལ་བཟང་མེ་ཏོག་བཞད་ཁ་ཕྱེ་བའི་དུས་བཟང་འདིར། གངས་ལྗོངས་ས་མཐོའི་རི་ཀླུང་གང་སར་སྐྱིད་པའི་དགོད་སྒྲས་ཁེངས་ཤིང་། མི་རིགས་ཁག་གི་བུ་ཕྲུག་རྣམས་ཀྱིས་དགའ་བའི་གླུ་དབྱངས་བླངས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བཞིན་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་ཡུས་ཀྲེང་ཧྲེང་མཆོག་ནས་སྣེ་ཁྲིད་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་དུ་ཕེབས་ཏེ་ང་ཚོ་དང་མཉམ་དུ་མཛད་དོན་མཉམ་གཉེར་དང་དུས་ཆེན་མཉམ་གཏོང་གནང་ཞིང་། ཁོང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཛའ་སེམས་ཟབ་མོ་བསྣམས་ནས་ཕེབས་ཡོད། འདིར་ངས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་བཅས་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་ཚབ་ཞུས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་བར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། རང་ལྗོངས་སུ་རྟེན་འབྲེལ་བྱེད་སྒོར་ཕེབས་མཁན་སྐུ་མགྲོན་དང་གྲོགས་པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ཐད་འབད་འཐབ་ཀྱིས་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་སྙིང་དབུས་ནས་དྲན་གསོ་ཞུ་རྒྱུ་ཡིན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་པ་དང་མང་ཚོགས། མི་དམངས་ཚོགས་པ་ཁག ཆོས་ལུགས་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་རིགས་ཁག་གི་ལས་རིགས་མི་སྣ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་མཛའ་བརྩེའི་འཚམས་འདྲི་དང་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བོད་ལ་ཐུགས་ཁུར་དང་། བོད་ལ་དགའ་ཞེན། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་རྒྱབ་སྐྱོར་བཅས་གནང་མཁན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་གཅེས་བོད་རིགས་སྤུན་ཟླ། རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འགྱུར་ལྡོག་ཡོང་བ་འཇིག་རྟེན་ཆོས་ཉིད་ཡིན། འཕོ་འགྱུར་ཆེ་བས་མི་སེམས་རབ་ཏུ་འགུལ། 1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་རེད། ལོ་50ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་དབུ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་སྒྱུར་བཀོད་དང་འཕེལ་རྒྱས་བཏང་བ་དང་། དུས་ཐུང་ལོ་བཅུ་གྲངས་ཁ་ཤས་རིང་སྟོང་ལོ་བརྒལ་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ལོ་50རིང་། ཀྲུང་གོ་གུང་ཁྲན་ཏང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་འོད་སྣང་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དཔའ་ངར་ཞུམ་མེད་དང་། དཀའ་སྤྱད་འབད་འཐབ། ཧུར་བརྩོན་རྒྱལ་སྐྱོང་། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་དེ་བརྗིད་ཉམས་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་ཞིག་བརྩམས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དུས་རྟག་ཏུ་བོད་ལྗོངས་ལ་བརྩེ་སེམས་བཅངས་ཤིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་སེམས་པ་གཅིག་ཏུ་འབྲེལ་ཏེ་གལ་ཆེའི་གསུང་བཤད་དང་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་འཚོགས་གནང་ནས་བོད་ལྗོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལས་དོན་ཁྲོད་བཟུང་བའི་གལ་ཆེའི་གནས་བབ་མུ་མཐུད་གསལ་སྟོན་གནང་བ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་གྱི་དུས་རབས་གསར་པ་གཏོད་པ། ཏང་གི་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་བརྟན་པོ་བཙུགས་པ། མཐའ་སྐྱོང་བོད་བརྟན་གྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ཡོད། ང་ཚོས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་ཇུས་བཀོད་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཤིང་། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་རྒྱུན་འཁྱོངས། ཁྲིམས་ལྟར་བོད་སྐྱོང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། འབྱུང་ཁམས་ལེགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཡིན་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད། དཔྱིད་ཀྱི་དཔལ་ཡོན་བཞད་ཅིང་མཛེས་སྡུག་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག“འཛམ་གླིང་ཡང་རྩེའི”ཐོག་འགྱིང་ངེར་གནས་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་གླུ་ལེན་གར་འཁྲབ་བྱས་ཤིང་། དགའ་བའི་འཛུམ་མདངས་ཀྱིས་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཡོད་པའི་གངས་ལྗོངས་ས་མཐོའི་ས་གཞི་ཆེ་མོའི་སྟེང་ཁྱབ་པར་གྱུར།

དེང་གི་བོད་ལྗོངས་སུ་མཆོང་སྐྱོད་གོང་འཕེལ་རྣམ་པ་གསར་པ་མངོན། རྒྱུན་རྣམ་གསར་པར་ངོས་འཛིན་དང་། རྒྱུན་རྣམ་གསར་པར་ལེགས་བསྟུན། རྒྱུན་རྣམ་གསར་པར་སྣེ་ཁྲིད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་དམིགས་ཤིང་། ཚན་རིག་དང་མཐུན་པའི་གོང་འཕེལ་དང་། འབྱུང་འཕྲོད་ལྡན་པའི་གོང་འཕེལ། རྒྱུན་མཐུད་ལྡན་པའི་གོང་འཕེལ་བཅས་ལ་སྐུལ་འདེད་བཏང་བས། དཔལ་འབྱོར་གྱི་སྤྱི་འབོར་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པའི་ཐོག་སླེབས་ཡོད་ལ་དཔལ་འབྱོར་དམིགས་ཚད་ཁག་གི་འཕར་ཚད་དེའང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཡུ་འབྲུག་སྔོན་མོ་ས་མཐོའི་ཐོག་ཏུ་རྒྱུག རང་བཞིན་གྲོག་རོང་བདེ་བའི་ལམ་དུ་གྱུར། མཛེས་པའི་ས་གཞིར་འཛུམ་མདངས་རབ་ཏུ་རྒྱས། རི་ཀླུང་ཐམས་ཅད་པིར་གྱིས་བྲིས་དང་མཚུངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་འགྲོ་ལམ་དེ་བཞིན་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་རྒྱ་ཆེར་འགྲོ།

དེང་གི་བོད་ལྗོངས་སུ་བརྟན་ལྷིང་ཞི་མཐུན་གྱི་ལམ་ཆེན་ཡངས། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས་པས། འགན་འཁུར་ཕོད་པ་དང་། རང་འགུལ་གྱིས་ནུས་པ་འདོན་པ། ཐབས་མང་མཉམ་སྤྱོད། ཕྱོགས་བསྡུས་ཇུས་འདོན་བཅས་བྱས་ཏེ། རྒྱུན་ཆད་མེད་པར་ཏཱ་ལའི་རུ་ཚོགས་དང་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ཕམ་ཉེས་སུ་བཏང་ཡོད། བརྟན་ལྷིང་སྲུང་སྐྱོང་གི་ནུས་ཐོན་ལམ་སྲོལ་བཙུགས་ནས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་མོས་བྱུང་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བཞིན་ཡོད། ཁྱིམ་ཚང་མཐུན་ཞིང་མི་རྣམས་ཞི་བས་བྱ་བ་ཐམས་ཅད་ལྷུན་གྱིས་གྲུབ། རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་བས་ཕུགས་ཕན་བྱ་གཞག་རབ་ཏུ་འཕེལ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་འགན་སྲུང་ཐུབ་ཡོད།

དེང་གི་བོད་ལྗོངས་ས་མཐོ་ཡོངས་སུ་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད། རང་གི་མིག་འབྲས་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། རང་གི་ཚེ་སྲོག་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་བ་དང་། མི་རིགས་ཁག་གི་མི་དམངས་དབར་སེ་འབྲུའི་འབྲས་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བ། བོད་རྒྱ་མཐུན་སྒྲིལ་ནི“ཇ་ཚྭ་འདྲེས་པ”དང་ཤ་ཁྲག་འདྲེས་པ་ལྟར་ཟབ་པ། སྤུན་ཟླ་མི་རིགས་ཁག་དབར་ཕན་ཚུན་སྤེལ་རེས་དང་། འགྲོ་འོང་། འབྲེལ་འདྲིས་ཟབ་པས་ཁྱིམ་ཚང་སྡོང་པོ་གཅིག་ནས་སྐྱེས་པའི་སྤུན་མཆེད་ལྟར་སེམས་པ་གཅིག་ལ་འབྲེལ་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་གོང་འཕེལ་ཡོང་བཞིན་ཡོད།

དེང་གི་བོད་ལྗོངས་སུ་རྒྱལ་གཅེས་ཆོས་གཅེས་སྲོལ་བཟང་རབ་ཏུ་དར། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་བྱས་པ་དང་། དགོན་སྡེའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ཞིང་། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་སེམས་ཁུར་གཅེས་སྐྱོང་བྱས་པ། ཆོས་ཕྱོགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་བ་བཅས་བྱས་པར་བརྟེན་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད། བསོད་ནམས་ཡེ་ཤེས་ལྡན་པས་བློ་སྦྱོང་འཕེལ། ཆོས་ཀྱི་དགའ་བ་རྫོགས་པས་འགྲོ་ལ་ཕན་ཞེས་པ་ལྟར་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རང་རྟོགས་ངང“རབ་ཏུ་བྱུང་ཡང་རྒྱལ་གཅེས་བྱ་རྒྱུ་མི་བརྗེད་པ་དང་། ཆོས་དོན་གཉེར་ཡང་སྤྱི་ཚོགས་ལ་ཕན་པ་བྱ་རྒྱུ་མི་བརྗེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཞི་མཐུན་གོང་བཀུར་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་ཆེད་ལྷག་བསམ་ཟོལ་མེད་ཀྱིས་སྨོན་ལམ་འདེབས་པ་དང་ནུས་ཤུགས་གང་ཡོད་ཀྱིས་ལེགས་སྐྱེས་ཕུལ་ཡོད།

དེང་གི་བོད་ལྗོངས་སུ་གངས་ལྗོངས་བུ་ཕྲུག་དགའ་བའི་འཛུམ་མདངས་རྒྱས། ཐམས་ཅད་མི་དམངས་ལ་བརྟེན་པ་དང་། ཐམས་ཅད་མི་དམངས་ཀྱི་དོན་དུ་ཡིན་པས། དམངས་བདེ་དམངས་ཕན་དང་། དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བརྟན་པོར་བཅངས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱས་ཐོག སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཡོང་བ་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་འབྲས་བུ་ཡོངས་སུ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

དེང་གི་བོད་ལྗོངས་ཀྱི་ཡུལ་ལྗོངས་མཛེས་པས་འཛམ་བུ་གླིང་གིས་སྨོན། “རི་ཆུ་སྔོ་ལྗང་ཅན་དེ་གསེར་གྱི་རི་དང་དངུལ་གྱི་རི་ཡིན་པའི”འདུ་ཤེས་བརྟན་པོ་བཟུང་ནས། འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་ཀྱིས་འབྱུང་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་ལ་སྐུལ་སྤེལ་གྱིས“འཛམ་གླིང་ཡང་རྩེ”དང་“ས་གོ་ལའི་གླིང་སྣེ་གསུམ་པ”སྲུང་སྐྱོབ་ཡག་པོ་དང་། གངས་ལྗོངས་ས་མཐོའི་རི་ཆུ་རྩྭ་ཤིང་ཐམས་ཅད་སྲུང་སྐྱོབ་ཡག་པོ་བྱས་ནས་ནམ་མཁའ་སྔོ་ལ་ས་གཞི་ལྗང་ཞིང་ཆུ་མོ་དྭངས་བ་ཞིག་ཆགས་ཡོད། བསོད་ནམས་ཞིང་གི་ངོ་མཚར་ཉམས་འགྱུར་དེ་གནམ་འོག་རྒྱན་གཅིག་གནའ་དེང་མཐོང་བ་དཀོན། གངས་རི་ལྷུན་དུ་ཆགས་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ནགས་ཚལ་སྟུག་ཅིང་གེ་བ། ནོར་ལུག་སྐར་ཚོགས་ཇི་བཞིན་གྲངས་ལས་འདས་པ་བཅས་མཛེས་པའི་བོད་ལྗོངས་འདི་བཞིན་ཐུན་མོང་མིན་པའི་རང་བྱུང་མཛེས་ཉམས་ངོམས་ཤིང་ཀུན་གྱི་ཡིད་དབང་འགུག་པར་བྱེད་བཞིན་ཡོད།

དེང་གི་བོད་ལྗོངས་སུ་གནམ་འདེགས་ཀ་བ་རྡོ་རྗེ་བྲག་ལས་སྲ། ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་རྒྱུ། དེ་བཞིན་ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུ་འགྲིལ་ནུས། དམག་འཐབ་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་གོང་འཕེལ་དང་བརྟན་ལྷིང་གི“སྲོག་ཤིང་”ལྟ་བུ་དང་མི་རིགས་ཁག་གི་མང་ཚོགས་ཚོའི“སྣེ་འཁྲིད་པ”ཞིག་ཏུ་འགྱུར་བ་བྱས་ཏེ། དར་ཆ་མཐོན་པོར་བསྒྲེངས་ནས་མ་འོངས་པར་ཕྱོགས་པ་དང་། ཀྲུང་ཧྭ་ཡི་ཕུགས་འདུན་འགྲུབ་ཕྱིར་ལེའུ་གསར་པ་ཞིག་བརྩམས་པས་ཏང་གིས་བོད་ལ་སྲིད་སྐྱོང་བའི་རྨང་གཞི་དང་ཏང་གིས་བོད་ལ་སྲིད་སྐྱོང་བའི་གནས་བབ་སྲ་བརྟན་དུ་སོང་ཡོད།

མི་ལོ་50རིང་ལ་གྲུབ་འབྲས་བཟང་པོ་ཐོབ་ཅིང་། མི་ལོ་50རིང་ལ་འཕོ་འགྱུར་ཆེན་པོ་བྱུང་། བོད་ཀྱི་མི་ལོ་50རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དེ་ནི་བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་གསུམ་གྱི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་བའི་འབྲས་བུ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་མཚམས་སྐྱོང་ཞིང་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང་མཛུབ་ཁྲིད་མཛད་ཕྱོགས་བོད་དུ་ལག་བསྟར་གནད་སྨིན་བྱུང་བ་ཞིག་ཀྱང་ཡིན། ཏང་གི་མི་རིགས་སྲིད་ཇུས་བླ་མེད་ཡང་དག་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཆོག་ཏུ་གྱུར་བ་ཞིག་ཡིན་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་ན། གཞི་ནས་བོད་ལྗོངས་འདི་ཉིད་གྲ་རྒྱས་དང་། ཞི་མཐུན། ཡར་ཐོན་བཅས་ལྡན་པའི་ད་ལྟ་དང་དེ་བས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན་པ་དོན་དངོས་དང་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད། མཚམས་འདིར། ང་ཚོ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ། ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དབུ་ཁྲིད་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། རླུང་རླབས་དྲག་ཀྱང་ཕ་མཐར་བགྲོད་པའི་བློ། ནམ་ཡང་ཉམས་མེད་མདུན་དུ་ལྕག་གིས་བསྐུལ། མཐའ་མཚམས་སྐྱོང་ཞིང་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱས་པའི་གྲུབ་འབྲས་རླབས་པོ་ཆེ་དེ་འོད་ཟེར་སྟོང་ལྡན་གྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ཟིན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ང་ཚོར་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་ནས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་དུས་རབས་ཀྱི་རྡུང་བརྡ་བསྒྲགས་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ནས་རྩ་ཆེའི་གོ་སྐབས་དམ་འཛིན་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར་བེད་སྤྱོད་གང་ལེགས། དཀའ་སྤྱད་འབད་འཐབ་བྱ་རྒྱུའི་དམ་བཅའ་འཇོག་པ་བཅས་བྱས་ཤིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་རྒྱུན་འཁྱོངས། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད། དམངས་འཚོ་ལེགས་གཏོང་བྱ་རྒྱུར་ཤུགས་རྒྱག་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པ་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱས་ཏེ་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།

རླབས་ཆེན་མེས་རྒྱལ་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོང་བའི་སྨོན་འདུན་ཞུ།

རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།

བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་དང་མི་རིགས་ཁག་གི་མི་དམངས་རྣམས་བཀྲ་ཤིས་ཡོང་བའི་སྨོན་འདུན་ཞུ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།