ཞུས་ཡུང་གི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གི་གཏམ་བཤད།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-09 16:58:04

0909ct1.jpg

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ཞུས་ཡུང་གིས་གཏམ་བཤད་གནང་བཞིན་པ།

གུས་ཤིང་བརྩེ་བའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་མཆོག་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དབུ་ཁྲིད་རྣམ་པ། བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པ་དང་། བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

དེ་རིང་། ང་ཚོས་སྤོབས་སེམས་དང་སྤྲོ་བ་དཔག་མེད་ཁེངས་བཞིན་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་རྒྱུ་ཡིན། འདིར། གུས་པས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་ཚབ་དང་། དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཏེའོ་གོ་ཤིན་གྱི་ཚབ་ཞུས་ཏེ་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་མཆོག་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དབུ་ཁྲིད་རྣམ་པར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། དེ་བཞིན་དུས་ཡུན་རིང་པོའི་ནང་བོད་སྡོད་དཔུང་སྡེ་འཛུགས་སྐྱོང་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་ལོ་50མཆོང་སྐྱོད་གོང་དུ་འཕེལ། མི་ལོ་50འཕོ་འགྱུར་རླབས་ཆེན་བྱུང་། མི་ལོ་50རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལྡན་པའི་པང་དུ་གངས་ལྗོངས་ས་མཐོར་མིའི་རིགས་གོང་འཕེལ་ཡར་རྒྱས་བྱུང་བའི་རྒྱལ་ཁའི་སྙན་དབྱངས་བསྒྲགས་ཤིང་། “དུས་ཐུང་ལོ་ངོ་བཅུ་ཕྲག་ནང་མི་ལོ་སྟོང་ཕྲག་བརྒལ་བ་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བྱས་རྗེས”བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། ག་སྦྱར་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་དང་ཏང་གི་བོད་སྐྱོང་མཛད་ཇུས་རྒྱུན་འཁྱོངས་ཐོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་མདུན་སྐྱོད། སྒྱུར་བཅོས་གསར་གཏོད། བློ་བརྟན་ཡར་བརྩོན་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལེགས་སྒྲུབ་ཏན་ཏིག་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་བ་དང་། སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཐུབ་པ་བཅས་བྱུང་ཡོད་ལ། བོད་ཀྱི་མ་འོངས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

མི་ལོ་50སྐྱིད་སྡུག་མཉམ་དུ་མྱོང་། མི་ལོ་50ཕྱར་བ་གྲུ་འདེགས་བྱས། མི་ལོ་50རིང་། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་བྱ་གཞག་དེ་མཐའ་དག་ལས་ལྷག་པར་བརྩིས་ཏེ་རང་རྟོགས་ངང་མི་དམངས་ཀྱི་ཁེ་ཕན་རྩ་བར་བཟུང་ཞིང་། ལྷག་བསམ་རྣམ་དག་གིས་མཐའ་སྐྱོང་རྒྱལ་སྲུང་བྱེད་པ་དང་། སེམས་ཐག་གཙང་བཅད་ཀྱིས་ཕྱི་འགོག་ནང་བརླིང་བྱེད་པ། ནུས་ཤུགས་ཡོད་རྒུས་ཉེན་འགོག་གེགས་སེལ་བྱེད་པ། འོས་འགན་དང་བླངས་ཀྱིས་རོགས་སྐྲུན་དཀའ་སེལ་བཅས་བྱས་ཏེ“ཚེ་སྲོག་བློས་གཏོང་བྱེད་དགོས་ཀྱང་། ལས་འགན་རྩ་བ་ནས་མི་དོར་བའི”བླ་མེད་འགན་སེམས་བཅངས་ཏེ་དཔའ་ངར་ཆེན་པོས་དམག་འཐབ་ཀྱིས་བོད་ལྗོངས་སྲུང་སྐྱོབ་དང་། དཀའ་སྤྱད་ལས་སྒྲུབ་ཀྱིས་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ངོ་མཚར་ལྡན་པའི་ལེའུ་ཞིག་བརྩམས་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་གཞུང་ལམ་ཨང་དང་པོ་དང་། གནམ་ཐང་ཨང་དང་པོ། གློག་ཁང་ཨང་དང་པོ་སོགས་ཨང་དང་པོ་200ལྷག་ཙམ་བཏོད་ཡོད། རླབས་ཆེན་གྱི་ལག་ལེན་དེའི་ཁྲོད་རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། མི་དམངས་མང་ཚོགས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་ཕྱུག་བོད་དར་བྱ་རྒྱུ་དང་དམག་དཔུང་སྟོབས་ཆེར་བཏང་ཞིང་། བོད་ལྗོངས་བརྟན་ལྷིང་ཡོང་བ་བྱ་རྒྱུ་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་ལ་མཐའ་སྲུང་སེམས་སུ་འཆང་བ་དང་། ཁྲོམ་ར་དར་རྒྱས་གཏོང་ལ་དམག་ས་མི་བརྗེད་པ། ཐོན་སྐྱེད་ནུས་ཤུགས་དམ་འཛིན་བྱེད་ལ་དམག་འཐབ་ནུས་པར་ཕན་སྐུལ་གཏོང་བ་བཅས་བྱས་ཡོད། དེར་བརྟེན། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་སེམས་གཏིང་ནས་བཀའ་དྲིན་ཚོར་ཞིང་། སྙིང་སྟོབས་རབ་ཏུ་འཕེལ་བར་བྱས་ཡོད།

མི་ལོ་50ཟིལ་རླབས་དགུང་ལ་འཕྱུར། མི་ལོ་50དཔའ་ཉམས་ཡིད་ལ་བཅངས། མཐའ་མཚམས་སྐྱོང་ཞིང་བོད་ལྗོངས་བརྟན་ལྷིང་ཡོང་བའི་ལོ་རྒྱུས་ཀྱི་ལམ་བུ་འགྲིམ་རྒྱུ་དང་བོད་ལྗོངས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་མདུན་དུ་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཚང་མས་ངེས་པར་དུ་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞིས་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་ཏེ། དར་ཆ་བསྒྲེངས་ནས་བླ་སྲོག་བརྟན་སྲུང་དང་། ནུས་ཤུགས་སྒྲིལ་ནས་དམག་རྒྱག་གྲ་སྒྲིག སྲོལ་བཟང་སྤེལ་ཞིང་སྒྲིག་ཁྲིམས་ནན་སྐྱོང་བཅས་བྱ་རྒྱུར་ཤུགས་བརྒྱབ་སྟེ་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ཕྱོགས་སུ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་། ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས“འགན་ལེན་བཞི”ལ་དམིགས་པ་དང“ངེས་པར་དུ་བྱེད་དགོས་པ་དྲུག”རྒྱུན་འཁྱོངས་བྱས་ཏེ་གཞི་རྩའི་ཚད་གཞི་གཅིག་པུ་ཡིན་པའི་དམག་འཐབ་ཀྱི་ནུས་པ་འདི་བཞིན་བརྟན་པོར་སྐྱོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་བསྟར་བྱས་ཏེ། ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་རྒྱུ། ངེས་པར་དུ“ནན་གསུམ་དྲང་གསུམ”གྱི་བླང་བྱ་གཞིར་བཟུང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེ་བཏང་ཐོག དཀའ་སྡུག་གཟི་བརྗིད་དུ་འཛིན་པ་དང་། ལྷག་བསམ་རྣམ་དག་གིས་མཐའ་མཚམས་སྲུང་ཞིང་སྲོག་བསྡོས་ཀྱིས་ཞབས་ཞུ་བསྒྲུབས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ཁམས་བདེ་ཡོང་བ། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མཐའ་མཚམས་བརྟན་ལྷིང་ཡོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། འདིར་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ཁྲི་ཚོ་300ལྷག་ཙམ་ཟིན་པའི་ལྗོངས་ཡོངས་ཀྱི་ཡུལ་མི་སྤུན་ཟླ་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞུ་རྒྱུ་ཡིན་ཞིང་། ཏང་དང་མི་དམངས་ལ་དགོས་པ་ཡོད་ཕྱིན་ང་ཚོས་ངེས་པར་དུ་རང་སྲོག་བློས་གཏོང་བྱ་རྒྱུ་ལས་གཡོལ་ཐབས་རྩ་བ་ནས་བྱ་རྒྱུ་མིན། མཇུག་ཏུ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་དབུ་ཁྲིད་ལྷན་རྒྱས་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་སྐུ་གཟུགས་གསལ་ཐང་དང་། མཛད་འཕྲིན་ལམ་ལྷོངས། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།