2015ལོའི་ལྗོངས་ཡོངས་ཀྱི་གསར་དུ་ངོས་འཛིན་ཞུས་པའི་སྤྲུལ་སྐུའི་དུས་ཐེངས་གཉིས་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-19 09:55:55

ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན། ལྗོངས་ཆོས་ལུགས་གཞུང་དོན་ཁང་བཅས་གསུམ་གྱིས་མཉམ་དུ་གཉེར་བའི་2015ལོའི་ལྗོངས་ཡོངས་ཀྱི་གསར་དུ་ངོས་འཛིན་ཞུས་པའི་སྤྲུལ་སྐུའི་དུས་ཐེངས་གཉིས་པའི་གསོ་སྦྱོང་འཛིན་གྲྭ་དེ་ལྷ་སར་སློབ་འགོ་ཚུགས་པ་རེད།

སློབ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་སྡེ་ཚན་གསུམ་གྱིས་སློབ་མ་25སྒྲིག་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་གུས་མཇལ་དང་ལེན་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཤིང་། གྲོས་བསྡུར་ནང་སྤྲུལ་སྐུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་གུས་མཇལ་དང་ལེན་གནང་བ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་བཀྲ་ཤིས་པའི་དོན་ཆེན་ཞིག་ཡིན་པས་ཀྲུང་དབྱང་གིས་བོད་དང་། པཎ་ཆེན་རིན་པོ་སྐུ་སྒེར། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་བཅས་ལ་མཐོང་ཆེན་དང་དོ་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་བ་ནི་པཎ་ཆེན་རིན་པོ་ཆེར་ལྕག་སྐུལ་ཚད་མེད་དང་ཐུགས་རེ་ཟབ་མོ་གནང་བ་ཞིག་ཡིན་ལ་པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིཌ་ལའང་ལྕག་སྐུལ་ཚད་མེད་དང་ཐུགས་རེ་ཟབ་མོ་གནང་བ་ཞིག་ཀྱང་ཡིན་པར་བརྟེན། ང་ཚོ་རྒྱ་ཆེའི་གྲྭ་བཙུན་ལ་སེམས་འགུལ་ཆེན་པོ་ཐེབས་པས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དང་དགོངས་དོན་ལ་བརྩི་སྲུང་ཞུས་ནས་ཐོས་བསམ་ལ་བརྩོན་པ་ཆེན་པོས་གཞོལ་བ་དང་ནང་ཆོས་ཀྱི་ཤེས་རྒྱ་ཟབ་ཏུ་བཏང་སྟེ་རྒྱ་ཆེའི་དད་ལྡན་སེར་སྐྱ་ཀུན་གྱིས་བཀུར་བའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཡག་པོ་ཞིག་བྱ་རྒྱུར་ཡིད་ཆེས་དང་ཆོད་སེམས་ཡོད་ཅེས་མགྲིན་གཅིག་ཏུ་བཤད།

སློབ་མ་རྣམས་ཀྱིས་ཀྲུང་དབྱང་སྲིད་གཞུང་གིས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་དང་ཁྲི་འདོན་མཛད་པ་ནས་བཟུང་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་ཐུགས་ཁུར་དང་རོགས་རམ་འོག པཎ་ཆེན་རིན་པོ་ཆེས་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ནས་ནང་ཆོས་ཀྱི་མཁྱེན་རྒྱ་ཉིན་རེ་བཞིན་རྒྱས་པ་དང་། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པའི་དགོངས་འདུན་བཞིན་སྒྲུབ་པ། འགྲོ་བ་རིགས་དྲུག་རིས་སུ་མེད་པར་བྱམས་དང་སྙིང་རྗེ་སྒོམ་པའི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བརྩེ་བས་སྐྱོང་བ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་གནང་ནས་རིམ་བཞིན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད།

པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བཞེད་དོན་དང་། འདུལ་ཁྲིམས་ལས་མི་འདའ་བར་ཐོས་བསམ་ལ་གཞོལ་པའི་ཐུགས་བརྩོན། ཁྲིམས་ཀྱིས་རང་གཅུན་ནན་པོ་བྱེད་པའི་མཛད་བཟང་གིས་ཡང་སྲིད་སྤྲུལ་སྐུ་གསར་པ་ང་ཚོར་མིག་དཔེ་བསྟན་གནང་ཡོད། སླད་ཕྱིན་པཎ་ཆེན་རིན་པོ་ཆེའི་སྣེ་ཁྲིད་འོག་ང་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་གང་ལེགས་ཡོང་བ་བྱས་ནས་ང་ཚོའི་གངས་ལྗོངས་ས་མཐོར་དུས་བདེ་ཞི་མཐུན་དང་བདེ་སྐྱིད་སྤྲོ་སྣང་ཆེན་པོའི་འབྲས་བཟང་སྨིན་པའི་འདུན་པ་ཆེ་ལ། འདི་ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་ང་ཚོ་ཆོས་ལུགས་ལས་རིགས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གཞན་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་བཀྲ་ཤིས་གཟབ་རྒྱས་ཡོང་བ་བྱ་རྒྱུ་མ་ཟད། དེ་ལྟར་དོན་བཞིན་འགྲུབ་རྒྱུའི་སྨོན་ལམ་ཡང་འདེབས་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་དེ་ཉིན་11འཚོག་རྒྱུ་ཡིན་པའི་ནང་ནང་ཆོས་ཀྱི་ལྟ་གྲུབ་སློབ་གསོ་དང་། མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་སྒྲོག་འགྲེལ། དུས་བབ་སློབ་གསོ་སོགས་ཀྱི་ནང་དོན་ལྡན་པ་དང་། གསོ་སྦྱོང་སློབ་འཁྲིད་དང་། བཞུགས་མོལ་སྤེལ་རེས་བྱེད་པ། མྱོང་ཚོར་འབྲི་བ། ལྟ་སྐོར་རྟོག་ཞིབ་བྱེད་པ་སོགས་དང་ཟུང་དུ་འབྲེལ་བས་སློབ་མ་ཚོའི་དགའ་བསུ་དང་བསྔགས་བརྗོད་ཐོབ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།