མི་སེར་གྱི་དམངས་འཚོ་ལེགས་སུ་ཕྱིན་པ་དང་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-04 09:39:14

ཞོགས་པ་སེ་ར་དགོན་པར་སྐྱོད་སྐབས་མཁའ་རླུང་དྭངས་གཙང་དང་། འདབ་ཆགས་ཀྱི་སྐད་སྙན་ལ་མེ་ཏོག་ནས་དྲི་ཞིམ་འཐུལ་བ། སྲང་ལམ་གཙང་བ། མཐའ་འཁོར་དུ་ལྕང་གསེབ་ཀྱིས་ཁེངས་པ་བཅས་ལས་དགོན་པ་འདི་ཉིད་གནའ་སྔ་མོ་ནས་བླ་མ་སྐྱེས་ཆེན་ཚོའི་ཐོས་བསམ་ཆོས་གསུངས་གནང་སའི་གནས་མཆོག་ཡིན་པ་མངོན།

དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཞུང་དོན་ཁང་ནང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བྱམས་པ་བཀྲ་ཤིས་ཀྱིས་ཉིན་གཅིག་གི་ལས་ལ་གཞོལ་འགོ་ཚུགས་ཤིང་། ཁོང་གིས་སྒྲོག་ཙེའི་མདུན་དུ་བསྡད་དེ་བྱང་ཆུབ་པའི་ངང་བྱི་རྟགས་དང་མཐེབ་གཞོང་སྤྱད་དེ་གློག་ཀླད་ནས་བོད་ཡིག་ཡིག་ཆ་ཞིག་མགྱོགས་མྱུར་བརྒྱབ་པ་དང་ཁོང་གིས་ཡིག་དཔར་ཐོག་ནས་རང་ཉིད་ལ་མཁོ་བའི་དཔྱད་གཞིའི་ཡིག་ཆ་པར་བརྒྱབ། “ད་ཆ་དགོན་སྡེའི་ནང་ང་ཚོས་གློག་ཀླད་སྤྱད་དེ་ཡིག་ཆ་འབྲི་བ་དང་འབྲེལ་ཡོད་གཞུང་དོན་ཡིག་ཆ་པར་རྒྱག་གི་ཡོད། ལོ་ན་བགྲེས་པའི་དགེ་འདུན་པ་ཕུད་དགེ་འདུན་པ་ཕལ་ཆེ་བས་གློག་ཀླད་དང་རིག་ནུས་ལག་ཐོགས་ཁ་པར་སྤྱོད་པ་དང་འབྲེལ་དེང་རབས་ཅན་གྱི་དྲ་རྒྱའི་སྒྲིག་ཆས་དང་གློག་ཀླད་དང་ངོས་ལེབ་གློག་ཀླད་དང་དེ་བཞིན་རིག་ནུས་ལག་ཐོགས་ཁ་པར་བརྒྱུད་དཔེ་ཆ་སྦྱོང་བ་སོགས་་དགེ་འདུན་པ་ཚོའི་ལས་ཞོར་འཚོ་བ་ཕུན་སུམ་ཚོགས་སུ་སོང་ཡོད་ལ་སློབ་སྦྱོང་བྱེད་པའི་དུས་ཚོད་ཀྱང་གྲོན་ཆུང་ཆེན་པོ་ཐུབ་ཡོད”ཅེས་བྱམས་པ་བཀྲ་ཤིས་ཀྱིས་ལས་ཀར་གཞོལ་བཞིན་དུ་སྤྲོ་སེམས་འཁོལ་པོས་གསར་འགོད་པར་བཤད།

འདི་ལོ་ལོ་49ལ་སླེབས་པའི་བྱམས་པ་བཀྲ་ཤིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་སྐྱེས་པ་དང་། 1984ལོར་སེ་ར་དགོན་པའི་དགེ་འདུན་པར་གྱུར། ལྷ་སར་འཚོ་བ་དང་སློབ་སྦྱོང་བྱས་ཏེ་ལོ་30སོང་བའི་ནང་དགེ་འདུན་པ་གཞན་དག་ལྟར་བྱམས་པ་བཀྲ་ཤིས་ཀྱིས་གནའ་གྲོང་ལྷ་སའི་འགྱུར་ལྡོག་གསར་པ་དང་འཕེལ་རྒྱས་གསར་པ་དངོས་སུ་མཐོང་བ་དང་ར་སྤྲོད་ཐུབ་ཡོད། “ཉེ་བའི་ལོ་ཤས་རིང་ལྷ་སའི་འགྱུར་ལྡོག་དང་འཕེལ་རྒྱས་ནི་མི་ཚང་མས་ཤེས་གསལ་ཡིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་སུ་ཤུགས་ཆེན་བཏང་སྟེ་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཤུགས་ཆེར་བཏང་བ་དང་། བདེ་སྡོད་ལས་བརྩོན་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཞི་མཐུན་སྤྱི་ཚོགས་བསྐྲུན་པར་དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད”ཅེས་ཁོང་གིས་གསར་འགོད་པར་བཤད།

“ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་དམིགས་ཡུལ་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པར་མི་སེར་གྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་ཕྱིན་པ་དང་། ང་ཚོ་དགེ་འདུན་པ་ཚོའི་བདེ་སྐྱིད་སྟོན་གྲངས་ཀྱང་ཉིན་བཞིན་མཐོ་རུ་སོང་ཡོད། མི་སེར་གྱི་ཟས་གོས་འགྲོ་སྡོད་སོགས་ཕྱོགས་ཁག་གི་འགྱུར་ལྡོག་ལས‘བདེ་སྐྱིད་ཚོར་སེམས’མཐོང་ཐུབ། དགོན་སྡེར་སླེབས་མ་ཐག་པའི་སྐབས་དགེ་འདུན་པའི་ཟས་རིགས་གཙོ་བོ་ནི་རྩམ་པ་དང་མར་ཡིན་ལ་མང་ཆེ་བ་ནི་ཁྱིམ་ནས་བསྐུར་ཡོང་གི་ཡོད།

དེ་ལྟར་དུས་ཡུན་རིང་ལ་དཀའ་ངལ་ཆེ་བས་ཟས་རིགས་ཀྱང་རྙིང་པ་ཆགས་ནས་མི་ཚོའི་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད། ད་ཆ་ལྷ་ས་གྲོང་ཁྱེར་དུ་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་ལག་ལེན་བསྟར་རྗེས་མི་སེར་ཚོས་ཁྱིམ་གྱི་སྒོ་ཁར་རིན་གོང་ཁེ་བའི་སྔོ་ཚལ་སོས་པ་ཉོ་རྒྱུ་ཡོད། དགོན་སྡེའི་དགེ་འདུན་པ་ཚོས་དགོན་སྡེའི་ཟ་ཁང་ནང་ཟས་ཟ་ཆོག་ལ་སྔོ་ཚལ་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་སོགས་འཛད་སྤྱོད་བྱ་ཡུལ་ནས་རྩམ་པ་དང་། མར། ཤ། སྔོ་ཚལ་སོགས་སོས་པ་ཉོས་ཏེ་རང་ཉིད་ཀྱིས་ཁ་ལག་བཟོ་གི་ཡོད། ད་ཆ་ང་ཚོའི་དགོན་སྡེའི་སྒོ་ཁར་ཡང་སྔོ་ཚལ་དམངས་ཕན་ཐད་ཚོང་རླངས་འཁོར་ཡོད”ཅེས་བྱམས་པ་བཀྲ་ཤིས་ཀྱིས་བཤད།

དེབ་ལྟ་རྒྱུ་དེ་བྱམས་པ་བཀྲ་ཤིས་ཀྱི་དགའ་ཤོས་ཡིན་པས་ཁོང་གིས་ལྷ་སའི་སློབ་གསོའི་བྱ་གཞག་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། “ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭ་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་སློབ་གསོ་དེང་རབས་ཅན་འཛུགས་སྐྲུན་ལ་རིམ་བཞིན་སྐུལ་འདེད་བཏང་བར་སློབ་གསོའི་ཐད་མཆོང་སྐྱོད་གསར་པ་བྱུང་ནས་དུས་སྐབས་གསར་རྐྱང་ཞིག་ཕྱེ་བ་དང་མི་དམངས་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་སྐྱོད་པའི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་ཡོད། བོད་ལྗོངས་ནང་བསྟན་སློབ་གླིང་གིས་ལོ་ལྟར་སེ་ར་དགོན་པའི་ན་གཞོན་དགེ་འདུན་པ་80ལྷག་ཙམ་བསྡུ་བ་དང་དགེ་འདུན་པ་ཚོས་སློབ་གླིང་དུ་གོ་རིམ་ལྡན་པའི་ངང་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སློབ་ཚན་མང་པོ་སྦྱོང་ཆོག་ཅིང་། ན་གཞོན་དགེ་འདུན་པ་ཚོར་སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་ཚད་མཐོའི་མཐོང་ཆེན་མེད་ཚེ་ང་ཚོ་མི་སེར་དང་དགེ་འདུན་པ་ཚོར་སློབ་སྦྱོང་གི་ཆ་རྐྱེན་དང་ཁོར་ཡུག་ཡག་པོ་དེ་འདྲ་ཐོབ་ག་ལ་སྲིད”ཅེས་བྱམས་པ་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།