《གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ཚོད་ལྟའི་ལས་དོན་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2015-06-03 10:25:05

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ཚོད་ལྟའི་ལས་དོན་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་དང་སྦྲགས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་ཡོད།

གྲོང་གསེབ་སྡེ་ཁུལ་ནི་གྲོང་གསེབ་སྤྱི་ཚོགས་ཀྱི་ཞབས་ཞུ་དོ་དམ་གྱི་གཞི་རྩའི་ཚན་པ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དཔེ་གསར་འཕེལ་རྒྱས་མགྱོགས་སུ་འགྲོ་བ་དང་བསྟུན་ནས་རང་རྒྱལ་གྱི་གྲོང་གསེབ་སྤྱི་ཚོགས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་གྲོང་གསེབ་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་དག་ཅིག་འཕྲད་བཞིན་ཡོད་པ་སྟེ། གྲོང་གསེབ་ཀྱི་མི་འབོར་གྲུབ་ཆར་འགྱུར་ལྡོག་ཆེན་པོ་བྱུང་ནས་ས་གནས་ཁག་ཅིག་ཏུ་ཐེམ་ཐོ་མེད་པའི་ཡུལ་མི་མང་དུ་ཤུགས་ཆེན་ཕྱིན་ཏེ་ཐེམ་ཐོ་མེད་པའི་ཡུལ་མི་སྤྱི་ཚོགས་ཐོག་འབྲེལ་འདྲིས་དཀའ་བའི་གནད་དོན་མངོན་གསལ་དོད་དུ་འགྲོ་བ་དང་ས་གནས་ཁག་ཅིག་ཏུ་གྲོང་སྟོང་གི་སྣང་ཚུལ་ཐོན་ནས་གྲོང་གསེབ་ཀྱི“གཞིས་སྲུང་གསུམ”གྱི་ཚོགས་སྤྱི་རྒྱུན་མཐུད་ངང་རྒྱ་ཆེར་འགྲོ་བ་དང་། གྲོང་གསེབ་ཀྱི་ཁེ་ཕན་བྱེད་པོ་ཉིན་བཞིན་སྣ་མང་ཅན་དུ་གྱུར་ནས་གྲོང་གསེབ་ཡུལ་མིའི་ཞབས་ཞུའི་དགོས་མཁོ་དེ་བས་སྣ་མང་ཅན་དུ་འགྱུར་བ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་མངོན་གསལ་དོད་པོས་རྗེས་ལུས་ཐེབས་ནས་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ནུས་པ་འཚམ་ཧ་ཅང་ཁག་པ། གྲོང་མིའི་རང་སྐྱོང་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་སོགས་སོ། གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ་ཐེམ་ཐོ་ཡོད་པའི་ཡུལ་མི་དང་ཐེམ་ཐོ་མེད་པའི་ཡུལ་མི་ཞི་མཐུན་མཉམ་གནས་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། སྲིད་གཞུང་གི་སྲིད་འཛིན་དོ་དམ་དང་། སྤྱི་པའི་ཞབས་ཞུ་དང་གྲོང་གསེབ་ཀྱི་ཡུལ་མིའི་རང་ངོས་དོ་དམ། རང་ངོས་ཞབས་ཞུ་བཅས་དེ་བས་ལེགས་པའི་ངང་འབྲེལ་མཐུད་སྤེལ་རེས་ཡོང་རྒྱུར་ཕན་ཐོགས་ཡོད་པ། གྲོང་གསེབ་སྤྱི་ཚོགས་ཀྱི་རང་སྐྱོང་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པས་ཞིང་པ་བདེ་སྐྱིད་ཁམས་བཟང་དང་། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས། གྲོང་གསེབ་ཞི་མཐུན་བརྟན་ལྷིང་བཅས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

ཀྲུང་དབྱང་གིས་གྲོང་གསེབ་ཀྱི་གཞི་རིམ་སྤྱི་ཚོགས་དོ་དམ་དང་ཞབས་ཞུའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད། གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་བྱེད་པར་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་སྲིད་འཛིན་གྲོང་ཚོའི་ཁྱབ་ཁོངས་ནང་ཡུལ་མི་ཚང་མར་བརྟེན་པ་དང་རིགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་སྡེ་ཁུལ་གྱི་རང་སྐྱོང་དང་ཞབས་ཞུའི་ནུས་པར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་སྡེ་ཁུལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་བཅས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཡུལ་མིའི་འཚོ་བའི་སྤུས་ཚད་དང་ཤེས་དཔལ་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲོང་གསེབ་བཅོས་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་གསར་པ་ཞིག་ཧུར་ཐག་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ཚོད་ལྟའི་ལས་དོན་སྤེལ་བས་ཕན་འབྲས་ངེས་ཅན་ཞིག་ཐོན་ཡོད། གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གལ་ཆེའི་ནང་དོན་ཞིག་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བའི་ཆ་ལག་ཚང་བའི་ལས་གྲྭ་ཞིག ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་འཚམ་པ་དང་ཞིང་པ་མང་ཚོགས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཞིག་སྐྱེལ་ཐུབ་པའི་རེ་བ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ནས་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཤུགས་ཆེར་བཏང་སྟེ་ཚོད་ལྟའི་ལས་དོན་ལ་སྐུལ་མ་གཏིང་ཟབ་གཏོང་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།