པད་མ་འཕྲིན་ལས་ཀྱིས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་ཡོམ་འགོག་གེགས་སེལ་གྱི་གཞུང་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་གནས་ཚུལ་ལ་རྟོག་ཞིབ་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-13 10:27:00

ཟླ་5ཚེས་10ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དུ་ཕེབས་ནས“4·25”ཡོམ་འགོག་གེགས་སེལ་གྱི་གཞུང་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ནས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཉིན་མཚན་བལྟོས་མེད་ངང་འབད་འཐབ་བྱེད་མཁན་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་དང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་སུ་པད་མ་འཕྲིན་ལས་དང་བཅས་པས་འགྲེམས་པང་དང་། འགུལ་རིས་སྟོན་འགྲེམས། བརྙན་ལམ་དཔྱད་གཞིའི་ཡིག་ཆ་སོགས་ལ་བརྟེན་ནས“4·25”ཡི་གནོད་འཚེའི་གནས་ཚུལ་དང་གཞུང་ལམ་ལ་གཏོར་སྐྱོན་ཕོག་པའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཡོམ་འགོག་གེགས་སེལ་གྱི་གཞུང་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་སྐོར་གྱི་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་སྙན་སེང་གསན་པ་རེད། “4·25”ཡི་ས་ཡོམ་བརྒྱབ་རྗེས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་འཕྲལ་དུ་ཉེན་སེལ་དང་ཤར་གཏོང་འགན་ལེན་གྱི་རིམ་པ་གཉིས་པའི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱེད་འགོ་བཙུགས་ནས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་། ཚན་རིག་དང་མཐུན་པའི་གེགས་སེལ་བྱེད་པ། འཕྲལ་དུ་གཞུང་ལམ་མྱུར་བཟོ་དང་ཤར་གཏོང་འགན་ལེན་བྱེད་པ།

གཏོར་སྐྱོན་གནས་ཚུལ་ལ་བརྟག་དཔྱད་དང་དཔྱད་དཔོག་བྱེད་པའི་ལས་དོན་སྤེལ་བ་བཅས་བྱས་ཏེ་སྔ་རྗེས་སུ་ཏའོ་པན་ཨང་60ནས་སྐྱིད་གྲོང་གྲོང་རྡལ་བར་གྱི་ལམ་ཤར་གཏོང་ཐུབ་པ་བྱས་པ་དང་། ཆུ་ཚོད་70ཡི་ནང་གཞིས་རྩེ་ནས་གཉའ་ལམ་བར་དང་གཉའ་ལམ་ནས་འགྲམ་གྲོང་རྡལ་བར་གྱི“ཚེ་སྲོག་ལམ་བུ”ཤར་གཏོང་བྱས་ནས་རྨས་མ་སྐྱོབ་བཅོས་དང་། མང་ཚོགས་བདེ་འཇགས་ངང་ཕྱིར་འཐེན། འཕྲིན་གཏོང་སྦྲེལ་ཚུགས་མྱུར་བཟོ། གེགས་སེལ་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད། མིག་སྔར་གཉའ་ལམ་ནས་འགྲམ་གྲོང་རྡལ་བར་གྱི་གཞུང་ལམ་མྱུར་བཟོའི་ལས་དོན་དེ་ཤར་གཏོང་འགན་ལེན་དང་བརྟན་དུ་གཏོང་བའི་དུས་མཚམས་ལ་ཕྱོགས་ཡོངས་ནས་བསྒྱུར་ཡོད།

པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི་གཞུང་ལམ་གྱི་སྤྱི་ཡོངས་ཀྱི་རིམ་པ་དམའ་བ་དང་། འགོག་སྲུང་དང་བདེ་འཇགས་འགན་ལེན་གྱི་སྒྲིག་ཆས་ཞན་པ། གནོད་འཚེ་འགོག་པའི་ནུས་པ་ཞན་པ། བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་མངོན་གསལ་དོད་པ་བཅས་ཡོད་པ་དང་ལྷག་པར་དུ་ད་ཐེངས་ཀྱི་ས་ཡོམ་གྱིས་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་སོགས་གནོད་འཚེ་ཕོག་ཚབས་ཆེ་ཁུལ་གྱི་གཞུང་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གོམ་སྟབས་རྗེས་མར་གེགས་ཁུལ་གྱི་གཞུང་ལམ་ཤར་གཏོང་ལས་དོན་ལ་མུ་མཐུད་དམ་འཛིན་བྱས་ནས་ཉེན་སེལ་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག གེགས་རྗེས་བསྐྱར་སྐྲུན་བཅས་ལ་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། གནོད་འཚེའི་གནས་ཚུལ་ལ་བརྟག་དཔྱད་བསྡོམས་རྩིས་དང་གནོད་འཚེའི་གྱོང་གུན་ལ་དཔྱད་དཔོག་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་བཟོས་ཏེ་གཞུང་ལམ་རིམ་པ་མཐོ་རུ་གཏོང་བ་དང་གཞུང་ལམ་གྱི་བདེ་འཇགས་འགོག་སྲུང་བྱེད་ཐབས་ཐད་འབད་བརྩོན་བྱེད་དགོས་པ། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་། གཞུང་ལམ་གྱི་འཕྲལ་སྡོམ་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། གཞུང་ལམ་སྡེ་ཚན་དང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་སྡེའི་དབར་གྱི་འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྣང་ཆེན། ཉེན་སེལ་ཤར་གཏོང་འགན་ལེན་གྱི་དཔུང་ཁག་ཧྲག་པོ་འཛུགས་པ་བཅས་བྱས་ཏེ་འགག་རྩའི་དུས་སུ་འདོན་ཐུབ་པ་དང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། པད་མ་འཕྲིན་ལས་ཀྱིས་རྒྱ་ཆེའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཚོས་དེ་སྒུལ་ཤུགས་སུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྙིང་སྟོབས་རབ་འཕེལ་དང་ཞུམ་མེད་ཀྱི་བློ་སྟོབས་ཐོག་ནས་ལས་དོན་ཁག་མུ་མཐུད་ཡག་པོ་སྤེལ་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་འབད་འཐབ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།