ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་འཕྲིན་ཚོགས་འདུ་གཙོ་སྐྱོང་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-13 10:26:19

ཟླ་5ཚེས་11ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཝུའུ་དབྱིང་ཅེས་ལྷ་སར་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་འཕྲིན་ཚོགས་འདུ་གཙོ་སྐྱོང་གནང་ནས་ས་ཁུལ་དང་གྲོང་ཁྱེར་དང་འབྲེལ་ཡོད་ཕྱོགས་ཁག་གི་ལས་ཀའི་སྙན་ཞུ་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་ལ་ཕབ་པའི་བཀོད་སྒྲིག་གཞིར་བཟུང་མིག་སྔའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤྱི་འདོམས་ཐོག་ཡག་པོ་སྒྲུབ་དགོས་པའི་བཀོད་སྒྲིག་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཆེ་དགྲ་ལྷ་དང་། ནོར་བུ་དོན་གྲུབ། ཏུང་ཡུན་ཧུའུ། ཝང་རུའེ་ལན། ཝང་གཡུང་ཅུན། ཙེང་དབན་མིང་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་སོ་སོར་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཕྱོགས་ཁག་གི་སྟོབས་ཤུགས་དང་། ལྷག་པར་དུ་ཡོམ་འགོག་གེགས་སེལ་དང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་མི་རིགས་ཁག་གི་ལས་བྱེད་ལས་བཟོ་དང་རྒྱ་ཆེའི་དཔོན་དམག་དང་ལས་བྱེད་ཉེན་རྟོག་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་སྦྲགས་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་ཤིང་།

ཉེ་དུས་ཀྱི་ལྗོངས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་དཔའ་བོ་དཔེ་བཟང་དེ་དག་ཐོག་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་ང་ཚོས་རྩ་སྲ་རྨང་བརྟན་མཐའ་འཁྱོངས་ཧུར་ཐག་བྱེད་པ་དང་། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་གང་ལེགས་མངོན་ཡོད། གོམ་སྟབས་རྗེས་མར་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་སོགས་ལས་དོན་ཁག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། རྒྱུན་ཨུ་ལིའུ་ཡུན་ཧྲན། ཙུང་ལི་གཞོན་པ་ཀྲང་ཀའོ་ལི་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱི་མཛུབ་སྟོན་མཆན་འགོད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“བོད་རང་སྐྱོང་ལྗོངས་དང་ལྷག་པར་དུ་གེགས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་ཡག་པོ་བྱ་རྒྱུར་དམ་པོར་དམིགས་པ་དང་ཡོམ་འགོག་གེགས་སེལ་དང་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་འཛིན་བྱེད་དགོས་པའི་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བཀོད་སྒྲིག་བླང་བྱར་ནན་པོར་གཞིགས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ངོས་འཛིན་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀ་མི་འཕྱུགས་པ་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ། འགན་འཁྲི་འཁུར་ཕོད་པའི་འགན་འཁྲིའི་འདུ་ཤེས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྲ་ཞིང་བརྟན་པའི་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་སྔར་བས་ཏན་ཏིག་དང་ཞིབ་ཕྲ་བསྒྲུབས་ཏེ་བོད་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་གཅིག་ནས་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་མཐའ་འཁྱོངས་དང་སྟེས་དབང་དང་། ཧོལ་རྒྱུག ལྷོད་གཡེང་། དམག་འཁྲུག་ལ་སུན་སྣང་བཅས་ཀྱི་བསམ་བློ་ཁྱད་བསད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གནོད་འཚེ་ཕོག་པའི་ས་ཁུལ་དང་། མཐའ་མཚམས་ས་ཁུལ། ས་ཁུལ་གཞན་དག་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྤྱི་འདོམས་ནུས་ལྡན་དང་ཡུལ་སྐོར་བྱེད་མང་བའི་དུས་དང་དམངས་སྲོལ་དང་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་ཞབས་ཞུ་དོ་དམ་ལས་དོན་ལ་སྤྱི་འདོམས་ནུས་ལྡན་བྱས་ནས་ཁོངས་གཏོགས་ཀྱི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་དགྲ་ཡའི་ཕྱོགས་གཏོགས་དང་ཁ་ཕྲལ་ཤོག་ཁག་ལ་གོ་སྐབས་གཏན་ནས་མི་སྤྲོད་པ་དང་མི་སུ་འདྲ་ཞིག་གིས་ཀྱང་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་གཏོར་སྐྱོར་གཏན་ནས་གཏོང་དུ་འཇུག་མི་རུང་བ་དང་། གཉིས་ནས་གཙོ་གནད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་འགྲིམ་འགྲུལ་ལྟེ་བའི་འབབས་ཚུགས་དང་། མི་སྣ་འདུས་སྡོད་ཆེ་བའི་ཁུལ། གཙོ་གནད་དམངས་འཚོའི་སྒྲིག་བཀོད་སོགས་མངོན་གསལ་དོད་པའི་འགག་རྩའི་ལྷུ་ཚིགས་ཀྱི་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་དྲག་པོའི་ཟིང་འཁྲུག་དང་འཇིགས་སྐུལ་གྱི་བྱེད་སྤྱོད་དང་ཐོལ་བྱུང་དོན་རྐྱེན་ཐོན་རྒྱུར་དོགས་ཟོན་ཐག་གཅོད་བྱེད་པའི་དངོས་འཐབ་ཆུ་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་མ་འགྲིམ་འགྲུལ་དང་མེ་ཟོན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། སྤྱི་པའི་བདེ་འཇགས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ནན་འགོག་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ནུས་ལྡན་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། གསུམ་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་གཞི་རིམ་ཏང་སྲིད་རྩ་འཛུགས་དང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་། དྲ་མིག་དཔོན། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཁོངས་གཏོགས་མཉམ་སྲུང་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་ལག་ལེན་གསར་གཏོད་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཐད་གོང་འོག་ཚང་མས་འབད་བརྩོན་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི“ཟངས་གྱང་ལྕགས་རྩིག”བརྟན་པོ་འཛུགས་དགོས་པ། བཞི་ནས་གཙོ་གནད་ལས་འགན་ཁ་གསལ་བཟོ་བ་དང་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཡོམ་འགོག་གེགས་སེལ་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་གནོད་འཚེ་ཕོག་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཞབས་ཞུ་ཁྲིད་སྟོན་དང་བདེ་འཇགས་བདེ་སྡོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ཁག་ཡག་པོ་བསྒྲུབ་པ་དང་། ས་ཁུལ་དང་གྲོང་ཁྱེར་གཞན་དག་གིས་ལོ་འགོའི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”སོགས་ཀྱི་བཀོད་སྒྲིག་གཞིར་བཟུང་ས་ཁུལ་དང་གྲོང་ཁྱེར་དེ་གའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས་པ། ལྔ་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུར་འཕེལ་བརྟན་གསུམ་དང་ཡོམ་འགོག་གེགས་སེལ་ལ་སྐུལ་འདེད་གཏོང་བའི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཐབས་ནུས་ལྡན་དྲིལ་བསྒྲགས་གཏིང་ཟབ་དང་ཡོམ་འགོག་གེགས་སེལ་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་དཔའ་བོ་དཔེ་བཟང་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་བློ་སྟོབས་སྔར་བས་གཅིག་འགྲིལ་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྦྱོར་མཉམ་འགུལ་ཐོག་རང་བྱུང་གནོད་འཚེར་འཐབ་པ་དང་བློ་སྟོབས་གཅིག་སྒྲིལ་གྱིས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་ཡང་འབད་བསྐྱར་འབད་ཀྱིས་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཨང་དང་པོ་ཁ་གསལ་བཟོས་ཏེ་ལས་གནས་བརྟན་སྲུང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་ཆེད་འགན་ཆེད་འཁུར་གྱིས་ནུས་ཆེའི་འཁོར་སྐྱོད་དང་ཕྱོགས་ཁག་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན། དྲ་མིག་ཅན་གྱི་དོ་དམ་ཚན་པ་དང་གཞི་རིམ་ཏང་སྲིད་རྩ་འཛུགས་བཅས་ཁག་གིས་ཞིབ་ཕྲའི་འགན་འཁུར་ནས་ལས་བགོས་གཞོགས་འདེགས་དང་མཉམ་ཤུགས་ཆགས་རྒྱུར་ཤུགས་སྣོན་རྒྱག་པ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ལྟ་སྐུལ་མཛུབ་ཁྲིད་གལ་ཆེ་མཉམ་དུ་འཛིན་པ་དང་འགན་འཁྲི་རྩད་ཆོད་ནན་པོ་བྱེད་པ། ས་ཁུལ་དང་གྲོང་ཁྱེར་ཁག་གིས་བརྟན་ལྷིང་སྲུང་སྐྱོང་ཁྲོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་ཀྱིས་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལྗོངས་ཡོངས་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།