བོད་ལྗོངས་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་གིས་མང་ཚོགས་ཀྱི་བདེ་འཇགས་སྲུང་བའི་དངོས་བྲིས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-12 09:45:25

ཟླ་5ཚེས་6ཉིན་གསར་འགོད་པས་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཡོམ་འགོག་གེགས་སེལ་ཁྲོད་མཐའ་མཚམས་སྒྲོལ་ནས་སྐྱོབ་ཐབས་ཀྱི་ལས་འགན་འཁུར་བཞིན་པའི་ལོ་རབས་དགུ་བཅུ་པའི་རྗེས་སྐྱེས་པའི་འཐབ་འཛིང་པ་ཅང་ཡུང་པེའོ་ལ་བཅར་འདྲི་ཞུ་སྐབས་ཁོང་གིས“མ་ཐོན་གོང་ཁ་ཆེམས་ཡི་གེ་བཞག་རུང་ད་ཆ་དགོས་པ་བྱུང་མ་སོང”ཞེས་བཤད།

ཁོང་གིས་ཁ་ཆེམས་ཡི་གེ་ཨམ་ཕྲག་ནང་ནས་འདོན་བཞིན་དུ“ཤོག་བུ་འདི་རང་ཉིད་ངོ་མས་འདོན་རྒྱུ་བྱུང་བ་དེ་ལས་ང་ཚོ་གསོན་པོ་ཡིན་པ་གསལ་བཤད་ཐུབ”ཅེས་ཁ་ཆེམས་ཡི་གེ་བཞག་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་བར་བསྐྱོད་པའི་འཐབ་འཛིང་པ་ཚོར་བཞད་གད་དང་སྦྲགས་བརྗོད།

ཤོག་བུ་དེའི་ནང“པཱ་ལགས་དང་ཨ་མ་ལགས། ཁྱེད་རྣམ་པས་ཡི་གེ་འདི་གཟིགས་སྐབས་ང་ནམ་ཡང་འཇིག་རྟེན་འདི་ནས་ཁ་བྲལ་ཟིན་པས་བུས་ཁྱེད་རྣམ་གཉིས་ལ་མུ་མཐུད་ཞབས་ཕྱི་ཞུ་ཐུབ་མ་སོང་བས་དགོངས་གལ་མེད་པ་མཁྱེན། པཱ་ལགས་ལ་གྲུམ་བུའི་ནད་ཡོད་པས་རྒྱུན་དུ་བཞེས་རག་ཉུང་ཙམ་མཆོད་པ་དང་ཨ་མ་ལགས་མཇིང་ཚིགས་ཡག་པོ་མེད་པས་རྒྱུན་དུ་ངལ་གསོ་མང་ཙམ་བསྐྱོན་རོགས། ཁྱེད་རྣམ་གཉིས་ཀྱིས་ངའི་ཆེད་ཐུགས་ཁྲལ་གནང་མི་དགོས་ལ་ང་དམག་མི་ཡིན་པས་དཔུང་སྡེར་ཡང་སུན་པོ་མ་བཟོ་རོགས”ཞེས་འཁོད་ཡོད།

ཚེ་སྲོག་ལ་བརྟེན་ནས་ཚེ་སྲོག་སྲུང་བ་དང་གཅེས་སེམས་ལ་བརྟེན་ནས་གཅེས་སེམས་བཅངས་བ་དེ་ནི་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་ས་ཡོམ་གྱི་གནོད་འཚེའི་མདུན་དུ་སྔ་ས་ནས་མང་ཚོགས་ཀྱི་ཆེད་དུ་བློས་གཏོང་རྒྱུའི་གྲ་སྒྲིག་བྱས་ཟིན་པ་དེ་རེད།

པེ་ཅིང་གི་དུས་ཚོད་ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ཐོག་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་ས་གཡོ་རི་འགུལ་དང་བྲལ་ཉིལ་རྡོ་ཟག་གི་རྣམ་པ་ཐོན་ཏེ་མི་རྣམས་སྐྱི་གཡའ་དགོས་པ་ཞིག་བྱུང་ཡོད།

སྐྱིད་གྲོང་གྲོང་རྡལ་དུ་ཚོང་ཁང་བཏོན་པའི་སི་ཁྲོན་ནན་ཁྲུང་གི་སྦྱིན་བདག་ཝང་ཆིང་གིས་མིག་མཆི་མས་ཁེངས་བཞིན་དུ“སྐབས་དེ་དུས་ང་ཚོ་རྐང་པའང་བརྟན་པོ་འཛུགས་ཐུབ་ཀྱི་མི་འདུག་པས་བྲོས་ཐབས་བྲལ”ཞེས་བཤད།

ས་ཡོམ་དྲག་པོ་དེས་སྐྱིད་གྲོང་གྲོང་རྡལ་གྱི་མང་ཚོགས་7གྱི་ཚེ་སྲོག་འཕྲོག

“ཡོམ་འགོག་གེགས་སེལ་གྱི་མདུན་སྐྱོད་བཀོད་འདོམས་པུའུ”བཙུགས་པ།

ཆུ་ཚོད་14དང་སྐར་མ་25ཡི་ཐོག་སྐྱིད་གྲོང་གྲོང་རྡལ་གྱི་ཡོམ་འགོག་གེགས་སེལ་ནང་ཞུགས་པའི་དཔུང་སྡེ་དང་པོ་དེ་འཕགས་པ་དགོན་པའི་ཐང་ཆེན་དུ་འབྱོར།

ཆུ་ཚོད་14དང་སྐར་མ་40ཡི་ཐོག་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་འཕྲུལ་སྒུལ་ཉིང་ལག་རུ་ཆེན་གཉིས་པའི་དཔོན་དམག་དང་སྐྱིད་གྲོང་མཐའ་སྲུང་མངགས་གཏོང་ཁང་དང་དེ་བཞིན་མྱུལ་ཞིབ་ཉིང་ལག་རུ་ཁག་སྐྱིད་གྲོང་ས་ཚིགས་ཀྱི་དཔོན་དམག་ཚོས་འཕགས་པ་དགོན་པའི་ཐང་ཆེན་དུ་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་དང་མཉམ་འཛོམས་བྱས།

སྐབས་དེར་སྐྱིད་གྲོང་དུ་བཅའ་སྡོད་སྤྱི་བདེ་མཐའ་སྲུང་དཔུང་སྡེ་ཚང་མ་མཉམ་འཛོམས་ཟིན་པ་མ་ཟད་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཀརྨ་བསྟན་འཛིན་གྱིས་བཀོད་འདོམས་པ་བྱས་པའི་ཡོམ་འགོག་གེགས་སེལ་མདུན་སྐྱོད་བཀོད་འདོམས་པུའུ་བཙུགས།

སྐར་མ་30ཙམ་བསྐྱོད་རྗེས་ཚོགས་ཆུང་དང་པོ་དེ་སྐྱིད་གྲོང་གྲོང་རྡལ་དང་བར་ཐག་སྤྱི་ལེ་6ཙམ་ཡོད་པའི་མདོ་ཕུག་གྲོང་ཚོར་འབྱོར་ནས་རུ་ཆུང་ཁག་གཉིས་ལ་དབྱེ་སྟེ་འཚོལ་སྐྱོབ་ལས་དོན་འཕྲལ་དུ་སྤེལ་བ་རེད།

སྐར་མ་བཅོ་ལྔ་ཙམ་འཚོལ་སྐྱོབ་ལས་དོན་སྤེལ་རུང་ཞིག་རོའི་འོག་མི་ལུས་མེད་པ་གཏན་འཁེལ་བྱུང་རྗེས་ཀརྨ་བསྟན་འཛིན་གྱིས་དཔོན་དམག་ཚོའི་རོགས་རམ་འོག་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་རྒྱུན་མཁོའི་སྤྱོད་ཆས་མྱུར་སྐྱོབ་བྱེད་རོགས་བྱས་པ་མ་ཟད་མང་ཚོགས་གཅིག་གྱུར་བཀོད་སྒྲིག་ཀྱང་བྱས་པ་རེད།

ཉེན་ཁའི་གནས་ཚུལ་ལ་ཁ་གཏད་བཅག་པ།

རོགས་སྐྱོབ་ཉིང་ལག་རུ་ཁག་དང་པོ་སྐྱིད་གྲོང་གྲོང་རྡལ་འཕགས་པ་དགོན་པའི་ཐང་ཆེན་དུ་ཕྱིར་ལོག་གིས་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བྱེད་སྐབས་མདུན་ཕྱོགས་ཀྱི་ཚོགས་ཆུང་ཁག་གནོད་འཚེ་ཚབས་ཆེན་ཕོག་པའི་ཁུལ་དུ་གོ་རིམ་ལྡན་པའི་ངང་རོགས་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད་དུས་མཚམས་རང་བཞིན་གྱི་འཕེལ་རིམ་བྱུང་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་རིམ་བཞིན་རྣལ་ལ་འབེབས་ཐུབ་པ་བྱུང་ཡོད།

གྲོང་མི་འཕྲལ་མར་མྱུར་སྐྱོབ་ཀྱིས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་རྗེས་ཀརྨ་བསྟན་འཛིན་གྱིས་བྱ་ཐབས་སྣ་ཚོགས་བརྒྱུད་ལྟ་སྐྱོང་རུ་འབྲིང་དང་འབྲེལ་གཏུག་ག་ཚོད་བྱས་རུང་འབྲེལ་བ་བྱེད་ཐུབ་མེད། ཆུ་ཚོད་17དང་སྐར་མ་35ཡི་ཐོག་མི་6ལས་གྲུབ་པའི་ཡན་ལག་རུ་ཆུང་ཞིག་སྲུང་སྐར་ཁ་པར་དང་། ཐད་ཤོད་ཁ་པར། གློག་འཕྲིན་ཁ་པར་བཅས་འཁྱེར་ནས་ར་ཟུར་ཟམ་པར་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱེད་པར་བཏང་ཡོད།

དེ་དང་ཆབས་ཅིག་ཆུ་ཚོད་17དང་སྐར་མ་40ཡི་ཐོག་བཀོད་འདོམས་པུར་སླར་ཡང་ས་ལེབ་ཤང་དུ་མི་སྣ་འཆི་རྨས་བྱུང་ཚུལ་གསལ་པོ་མེད་པའི་གནས་ཚུལ་འབྱོར་ཡོད།

ཀརྨ་བསྟན་འཛིན་གྱིས་འཕྲལ་མར་འཕྲུལ་སྒུལ་ཉིང་ལག་རུ་ཆེན་གཉིས་པའི་དཔོན་དམག་ས་ལེབ་ཤང་དུ་མྱུར་སྐྱོབ་བྱེད་པར་མངགས་ཡོད། མཚན་མོའི་ཆུ་ཚོད་21པར་ཉིང་ལག་རུ་ཆུང་ལ་བརྒྱབ་ཀླུང་བརྒལ་གྱིས་རྐང་ཐང་མར་ལྟ་སྲུང་རུ་འབྲིང་དུ་འབྱོར་བ་དང་ར་ཟུར་ཟམ་པའི་ཁུལ་དུ་མང་ཚོགས་དང་མཉམ་འབྲེལ་ཞིབ་བཤེར་ཚན་པའི་ལས་བཟོ་དང་དཔུང་སྡེའི་དཔོན་དམག་ཁྱོན་272ཚང་མ་བདེ་འཇགས་ཡིན་པ་ཤེས་རྗེས་ཚང་མའི་སེམས་ལྷོད་ལ་བབས།

ཚེས་27ཉིན་གྱི་ཆུ་ཚོད་14དང་སྐར་མ་20ཡི་ཐོག་ཀརྨ་བསྟན་འཛིན་གྱིས་མི་20ལས་གྲུབ་པའི་རོགས་སྐྱོབ་ཡན་ལག་རུ་ཆུང་གི་སྣེ་འཁྲིད་ཅིང་། ཚང་མས་འཚོ་བའི་སྤྱོད་ཆས་སྤྱི་རྒྱ་20ཙམ་འཁྱེར་ནས་སྐྱིད་གྲོང་འགག་སྒོར་མང་ཚོགས་དང་དཔོན་དམག་ཚོར་སྐྱེལ་བར་བསྐྱོད། རི་ཚང་མ་རྡོ་ཧྲུག་གིས་ཁེངས་པ་དང་རྦབ་རྡོ་རྫོགས་རྒྱུ་མེད་པ་རིལ་བའི་ལམ་བུའི་ཐོག་དཀའ་ཚེགས་ཆེན་པོས་བསྐྱོད་པ་དང་ལམ་བར་དུ་རི་ཉིལ་བ་དང་འགྲོ་ལམ་ཆད་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་དེ་མདུན་ཕྱོགས་སུ་མུ་མཐུད་སྐྱོད་ཐབས་བྲལ་ཏེ་ཁོང་ཚོས་འཁྱེར་བའི་དངོས་ཟོག་དེ་དག་འཁྲུངས་ས་གྲོང་ཚོའི་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་བགོ་བཤའ་བརྒྱབ་སྟེ་སྐྱིད་གྲོང་གྲོང་རྡལ་དུ་ཕྱིར་ལོག་བྱས།

འཚོ་བའི་སྤྱོད་ཆས་སྐྱེལ་མ་ཐུབ་པར་ཞིབ་བཤེར་ས་ཚིགས་སུ་ཕྱིར་ལོག་བྱས་པའི་ཀརྨ་བསྟན་འཛིན་སེམས་འཚབ་ཆེན་པོ་བྱུང་ཡོད། སྐམ་ཐོག་ཏུ་རོགས་སྐྱོབ་བྱེད་ཐབས་བྲལ་བས་ཀརྨ་བསྟན་འཛིན་ལ་མཁའ་ཐོག་ནས་རོགས་སྐྱོབ་བྱ་རྒྱུའི་བསམ་བློ་འཁོར་ཡོད། “ཁྱེད་རྣམ་པས་གནམ་གྲུ་བཏང་ནས་མང་ཚོགས་དང་རང་ཉིད་ཀྱི་གཅེན་གཅུང་ཚོ་སྐྱོབ་ཐུབ་ཚེ་ཁྱེད་རྣམ་པའི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད”ཅེས་བཅིངས་འགྲོལ་དམག་མཐའ་སྲུང་ཐོན་ཞིག་ལ་རོགས་རམ་བྱ་རྒྱུའི་རེ་བ་བཏོན་ཡོད།

ཕྱོགས་མང་པོའི་ཐོག་ནས་བརྩོན་ལེན་བྱས་པ་བརྒྱུད་ཁྲེང་ཏུའུ་དམག་ཁུལ་ཁང་གིས་ཟླ་4ཚེས་27ཉིན་སྐམ་ཐོག་དང་མཁའ་ཐོག་ཐོན་གྱི་ཐད་འཕུར་གནམ་གྲུས་ར་ཟུར་ཟམ་པར་མཁའ་ཐོག་ནས་རོགས་སྐྱོབ་བྱེད་པར་མངགས་ཡོད།

ཐད་འཕུར་གནམ་གྲུ་སྐྱིད་གྲོང་གྲོང་རྡལ་གྱི་མཁའ་དབྱིངས་སུ་འཕུར་ཡོང་བ་མཐོང་སྐབས་ཀརྨ་བསྟན་འཛིན་དགའ་ཐག་ཆོད་དེ་མིག་ཟུང་མཆི་མས་ཁེངས།

མཐའ་མཚམས་སྒྲོལ་ནས་སྐྱོབ་ཐབས་བྱས།

“4·25”ས་ཡོམ་དྲག་པོའི་གནོད་འཚེའི་འོག་ཀྲུང་གོ་ཆུ་གློག་ཅུས་བདུན་པའི་ནེ་པ་ལའི་སུའུ་ཝ་ཆུ་བེད་ལས་གྲྭའི་རྣམ་གྲངས་པུའུ་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་ལས་བཟོ་7ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྲོག་ཉེན་ཆེ་བའི་སྐབས་ནེ་པ་ལའི་རོགས་སྐྱོབ་སྟོབས་ཤུགས་དེ་གར་སླེབས་ཐབས་བྲལ་བས་རྒྱལ་ནང་དུ་རོགས་སྐྱོབ་བྱ་རྒྱུའི་རེ་བ་མི་འདོན་ཀ་མེད་བྱུང་ཡོད།

ཟླ་4ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་སྤྱི་བདེ་པུའུ་དང་ཕྱི་འབྲེལ་པུའི་མཛུབ་སྟོན་བཀའ་རྒྱ་གཞིར་བཟུང་། སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལྟ་སྲུང་རུ་འབྲིང་གིས་མི་25དང་མི་20ལས་གྲུབ་པའི་མཐའ་མཚམས་སྒྲོལ་ནས་སྐྱོབ་ཐབས་བྱེད་པའི་ཡན་ལག་རུ་ཆུང་གཉིས་བཙུགས་ཏེ་ཁག་གཉིས་ལ་བགོས་ནས་སྐྱིད་གྲོང་འགག་སྒོ་བརྒྱུད་ཀྲུང་གོ་ཆུ་གློག་ཅུས་བདུན་པའི་ནེ་པ་ལའི་སུའུ་ཝ་ཡི་མངའ་ཁོངས་སུ་ལུས་པའི་ཉེན་གྱར་རྨས་མ་དང་ནེ་པ་ལའི་སུའུ་ཝ་འགག་སྒོར་ལུས་པའི་མི་སྣ་འཕྲལ་མར་མྱུར་སྐྱོབ་བྱས་པ་རེད།

མི་རྣམས་མིག་ཆུ་ཤོར་དགོས་པའི“ཁ་ཆེམས་ཡི་གེ”དེ་དག་མཐའ་མཚམས་སྒྲོལ་ནས་མྱུར་སྐྱོབ་བྱེད་པར་མ་བསྐྱོད་གོང་བཞག་པ་ཞིག་རེད།

རོགས་སྐྱོབ་བྱེད་རིང་མཐའ་མཚམས་སྒྲོལ་ནས་སྐྱོབ་རོགས་བྱེད་པར་བསྐྱོད་པའི་ཡན་ལག་རུ་ཆུང་གི་དཔོན་དམག་ཚོས་རི་ཉིལ་བ་དང་ཡོམ་འཕྲོའི་གནོད་འཚེའི་འོག་རི་མཐོ་གཡང་གཟར་བརྒྱུད་ནེ་པ་ལའི་མངའ་ཁོངས་སུ་ཐེངས་གཉིས་བསྐྱོད་ནས་སྒོ་ཁྲི་སྤྱད་དེ་རྨས་མ་7པོ་དེ་དག་སྐྱིད་གྲོང་འགག་སྒོར་བསྐྱལ་བ་མ་ཟད་ཚེས་28ཉིན་གྱི་ཆུ་ཚོད་10པར་རོགས་སྐྱོབ་ནང་ཞུགས་པའི་ཐད་འཕུར་གནམ་གྲུ་སྐྱིད་གྲོང་གྲོང་རྡལ་དུ་མྱུར་སྐྱོབ་བྱེད་པར་བསྐྱོད་ཡོད།

“ང་མུ་མཐུད་འདི་གར་སྙན་སེང་ཞུ་རྒྱུར་སྡོད་རྒྱུ་ཡིན”

ཟླ་4ཚེས་28ཉིན་སྐྱིད་གྲོང་མཐའ་སྲུང་ས་ཚིགས་ལྟ་སྐྱོང་རུ་འབྲིང་ལ“དཔོན་དམག་21རྒྱལ་མཚམས་སྲུང་ནས་སྡོད་དགོས་པ་དང་དེ་བྱིངས་ཚང་མ་ཕྱིར་འཐེན་བྱེད་དགོས་པའི”བཀའ་འབྱོར་ཡོད།

ཝང་ཀྲུང་ཞང་གིས་ཨང་དང་པོར་རུ་སྟར་ནས་དོན་ཏེ“སྙན་སེང་ཞུ་རྒྱུར་ང་མུ་མཐུད་འདི་གར་སྡོད་རྒྱུ་ཡིན”ཞེས་བཤད།

དེ་རྗེས་ཝང་ཀྲུང་ཞང་དང་འདྲ་བར་རང་འགུལ་ངང་མུ་མཐུད་དེ་གར་སྡོད་རྒྱུའི་རེ་བ་འདོན་མཁན་ཇེ་མང་དུ་ཕྱིན་ཡོད།

ལྟ་སྲུང་རུ་འབྲིང་གི་མཛུབ་ཁྲིད་པ་ཞུང་དབྱིང་ཅེ་ཡིས་རུ་སྟར་གྱི་མདུན་ནས“ངེས་པར་དུ་བཀའ་ལ་ཉན་དགོས། ངས་མིང་འབོད་པ་རྣམས་འདི་གར་སྡོད་དགོས་པ་ཕུད་དེ་བྱིངས་ཚང་མ་ཕྱིར་འཐེན་བྱེད་དགོས”ཞེས་བཀའ་བཏང་།

མི་20གཏན་འཁེལ་བྱུང་རྗེས་དཔོན་དམག་ཚང་མ་ཕན་ཚུན་འཐམས་འཁྱུད་བྱེད་བཞིན་སོ་སོར་བསྐྱོད།

ཐད་འཕུར་གནམ་གྲུར་མ་ཞུགས་གོང་ཕྱིར་འཐེན་དང་བཅའ་སྡོད་བྱེད་མཁན་དཔོན་དམག་ཚང་མས་རྒྱལ་མཚམས་ཀྱི་སྐར་ལྔའི་དར་དམར་ལ་གུས་འདུད་ཞུས་ནས“མེས་རྒྱལ་སྐྱེད་མ། ཁྱེད་ཀྱི་བུ་ཕྲུག་ཚོས་ད་རེས་དཔའ་གཏན་ནས་ཞུམ་མེད”ཅེས་བརྗོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།