དཔའ་མཛངས་རྟུལ་ཕོད་ཀྱིས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་མཁན་གྱི་གཞོན་ནུ་ཚོའི་སྐོར་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-07 09:39:55

ས་ཡོམ་གློ་བུར་དུ་བརྒྱབ་རྗེས། ཚེ་སྲོག་གི་ལམ་བུ་གཤོང་བ་དང་། གེགས་སེལ་དངོས་ཟོག་དབོར་འདྲེན། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ། གེགས་རྗེས་བསྐྱར་སྐྲུན་བཅས་ཡོམ་འགོག་གེགས་སེལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཡོམ་འགོག་གེག་སེལ་ཁྲོད་ཀྱི་ན་གཞོན་ལས་དོན་པ་ཚོས་འདི་ལོའི“ལྔ་བཞི”གཞོན་ནུའི་དུས་ཆེན་དེ་བཀོད་སྒྲིག་བྱ་ཡུལ་དུ་བཏང་།

ཁྱིམ་གཞིས་མེད་པ་ཆགས་པ་དང་གཉེན་ཉེར་རྨས་སྐྱོན་ཕོག་པ་སོགས་ཀྱི་སྡུག་བསྔལ་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་འདོམས། གྲངས་ལས་འདས་པའི་ཡོམ་འགོག་གེགས་སེལ་ན་གཞོན་ལས་དོན་པ་ཚོའི་གཅེས་སེམས་བཅས་ཀྱིས་སེམས་ཀྱི་སྡུག་བསྔལ་དག་རིམ་གྱིས་ཡལ་ནས་མཐར་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ལྷོད་ལ་བབས།

“ལམ་གཉིས”ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྱིམ་དུ་ལོག་པའི་ལམ་བཤངས།

“ང་དེར་འབྱོར་མ་ཐག་གུར་ནང་བསྡད་རྒྱུ་བྱུང་། དང་བླངས་པ་ཚོས་ང་ཚོར་སྲུང་སྐར་བརྙན་འཕྲིན་སྒྲིག་སྦྱོར་བྱས་པ་དང་། བཅིངས་འགྲོལ་དམག་གི་དཔོན་དམག་ཚོས་ང་ཚོར་ཉིན་ལྟར་ལྟོ་དུས་གསུམ་བསྟེར་གྱི་འདུག་པས་དེར་ཁྱིམ་ལས་སྐྱིད་པ་འདུག འགྲམ་དང་པེ་ཅིང་བར་ཐག་རིང་ཡང་ང་ཚོའི་སེམས་པ་པེ་ཅིང་དང་མཉམ་དུ་སྦྲེལ་ཡོད”ཅེས་ཉལ་ཁྲིའི་ཐོག་བསྡད་ཡོད་པའི་འགྲམ་གྲོང་རྡལ་སྤང་གྲོང་ལྷན་གྱི་གྲོང་མི་སྐལ་བཟང་རྡོ་རྗེས་དེ་ལྟར་བཤད།

སྐལ་བཟང་རྡོ་རྗེས་ད་དུང“ས་ཡོམ་བརྒྱབ་རྗེས་གཞུང་ལམ་བདག་སྐྱོང་བཟོ་པ་ཚོས་ཉིན་མཚན་བསྟུད་མར་གཞུང་ལམ་མ་བཤངས་ན་ང་ཚོ་ད་དུང་གེགས་ཁུལ་དུ་སྐྲག་ནས་བསྡད་ཡོད། ཁྱེད་ཚོས་ཁོང་ཚོར་བཅར་འདྲི་ཡག་པོ་ཞིག་བྱེད་རོགས”ཞེས་བཤད།

མང་ཚོགས་ཀྱི་བརྩེ་སེམས་ནི་ཧ་ཅང་བབ་ཆགས་ཤིག་ཡིན།

སུ་ཞིག་གིས་ཁོང་ཚོ་སེམས་ནང་བཅངས་མིན་དེ་ཁོང་ཚོས་གསལ་པོ་ཤེས་ཀྱི་ཡོད་ཅེས་པའི་སྐལ་བཟང་རྡོ་རྗེས་བཤད་པའི་སྐད་ཆ་དེར་རྒྱུ་མཚན་ཆེན་པོ་འདུག ཧི་མ་ལ་ཡའི་འདབས་རོང་དུ་གནས་པའི་འགྲམ་གྲོང་རྡལ་གྱི་ངོས་ནས་བརྗོད་ན། ས་ཡོམ་བརྒྱབ་རྗེས་ཀྱི་ལས་འགན་ཨང་དང་པོ་ནི་ཚེ་སྲོག་གི་ལམ་བུ་གཤོང་རྒྱུ་དེ་ཡིན།

ས་ཡོམ་བརྒྱབ་རྗེས་ཀྱི་སྐར་མ་དགུའི་ནང་གཉའ་ལམ་གཞུང་ལམ་དུམ་བུའི་སྒོ་རའི་ནང་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཟང་པོས་གཉའ་ལམ་གཞུང་ལམ་བདག་སྐྱོང་གི་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ལམ་གཤོང་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཤིང་། སྐར་མ་20སོང་རྗེས་གཞོན་ནུ་ལས་བཟོ་ལས་གྲུབ་པའི་གཞོན་ནུའི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གཉིས་གཉའ་ལམ་རྫོང་གྲོང་ནས་གཞིས་རྩེ་དང་འགྲམ་ཕྱོགས་སུ་རྐང་ཐང་མར་ལམ་བཟོ་བར་བསྐྱོད་པ་རེད།

ཚེས་26ཉིན་གྱི་ཆུ་ཚོད་20དང་སྐར་མ་50ཐོག་རྒྱལ་ལམ་318ཀྱི་གཉའ་ལམ་རྫོང་གྲོང་ནས་ཡར་ལས་ཤང་བར་གྱི་ལམ་བུ་གཤོང་ཐུབ་པ་བྱུང་བ་མ་ཟད། གཞིས་རྩེ་ནས་གཉའ་ལམ་རྫོང་བར་གྱི་ལམ་ཡང་གཤོང་ཐུབ་པ་བྱུང་།

ཚེས་28ཉིན་གྱི་ཆུ་ཚོད་18སྐབས་འགྲམ་གྲོང་རྡལ་དུ་བསྐྱོད་སའི་ཚེ་སྲོག་གི་ལམ་བུ་གཤོང་ཐུབ་པ་བྱུང་བ་དང་ཆུ་ཚོད་19སྐབས་བཤངས་ཟིན་པའི་འགྲམ་གཞུང་ལམ་དུ་སླར་ཡང་རི་ཉིལ་ཡོད།

ཚེས་29ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཐོག་གཉའ་ལམ་ནས་འགྲམ་གྲོང་རྡལ་དུ་བསྐྱོད་སའི་ལམ་དུམ་སླར་ཡང་གཤོང་ཐུབ་པ་བྱུང་བ་དང་འགྲིམ་འགྲུལ་ལས་དོན་གྱི་གཙོ་གནད་དེ་ལམ་ངོས་རྒྱ་ཆེར་གཏོང་རྒྱུ་དང་ལམ་ཤར་བགྲོད་ཐུབ་པ་བྱ་རྒྱུ་དེ་ཡིན།

ཟླ་4ཚེས་30ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་འགྲམ་གྲོང་རྡལ་གྱི་རྨས་མ་དང་མང་ཚོགས་4300ལྷག་ཙམ་ཚང་མ་གནས་སྤོ་བྱས།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་བཀྲ་ཤིས་རྒྱ་མཚོས“‘ལམ་གཉིས’ཀྱི་སྙིང་སྟོབས་ཀྱིས་བོད་ཀྱི་འགྲིམ་འགྲུལ་ལས་དོན་པ་ཚོས་གེགས་བར་གྱི་མདུན་དུ་གང་ལ་ཡང་མི་སྐྲག་པ་དང་སྐར་ཆ་གཅིག་ཀྱང་བརྩོན་ལེན་བྱས་ནས་ལམ་ཤར་གཏོང་ཐུབ་རྒྱུར་སྐུལ་ལྕག་བྱེད་བཞིན་ཡོད། ལམ་གཤོང་བའི་བརྒྱུད་རིམ་ནང་བོད་ཀྱི་འགྲིམ་འགྲུལ་ལས་དོན་མི་སྣས‘གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ་དང་། འབད་འབུངས་སྟོབས་བརྩོན་དང་ལམ་རྡོ་ཞིག་བྱེད་ཕོད་པ། དམག་དམངས་ཁྱིམ་གཅིག་དང་མི་རིགས་མཐུན་སྒྲིལ’བཅས་ཀྱི‘ལམ་གཉིས’ཀྱི་སྙིང་སྟོབས་ཐོག་ནས་གེགས་ཁུལ་མང་ཚོགས་ལ་ཁྱིམ་དུ་ལོག་སའི་ལམ་བཤངས་ཡོད”ཅེས་བཤད།

དང་བླངས་པ་ཚོས་མང་ཚོགས་ཚོའི་སེམས་ནང་གི་སྡུག་བསྔལ་སེལ།

ཟླ་5ཚེས་4ཉིན་གྱི་སྔ་དྲོ་གཞིས་རྩེའི་ནམ་མཁའ་སྔོ་ཞིང་དྭངས། དམར་མདངས་བཀྲ་བའི་དར་དམར་དང་། ལྗང་མདོག་གི་གུར། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མི་ཚོགས་བཅས་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཅིང་། སྤྱི་ལེ་600 ལྷག་ཙམ་སར་ཡོད་པའི་བསམ་གྲུབ་རྩེ་ཆུས་སུ་གཞིས་ཆགས་པའི་འགྲམ་གྲོང་རྡལ་གྱི་དེ་སྔའི་གསོན་ཤུགས་མི་ཉམས་པར་གནས།

ལོ་36ལ་སླེབས་པའི་མིག་དམར་ཚེ་རིང་གུར་ནས་དོན་ཏེ་ཁ་སྤྲོད་དུ་ཡོད་པའི་གཞོན་ནུ་དང་བླངས་པ་བསྡུ་ཡུལ་དུ་བསྐྱོད་ནས“ང་ལ་དང་བླངས་པའི་དཔུང་རྟགས་གཅིག་སྤྲོད་རོགས། ངས་གནོད་འཚེ་ཕོག་པའི་མང་ཚོགས་གཞན་ལ་རོགས་པ་བྱེད་ཐུབ”ཅེས་ལས་དོན་པར་དེ་ལྟར་བཤད།

མིག་དམར་ཚེ་རིང་ནི་འགྲམ་གྲོང་རྡལ་སྤང་གྲོང་ལྷན་ནས་ཡིན། རང་ཉིད་གནོད་འཚེ་ཕོག་པའི་མང་ཚོགས་ཡིན། སེམས་ཁྲལ་བྱེད་མི་དགོས་པའི་བཀོད་སྒྲིག་བྱ་ཡུལ་གྱི་འཚོ་བར་བློ་ཡིད་ཚིམ་ནས་མ་བསྡད་པར་མང་ཚོགས་གཞན་ལ་རོགས་པ་བྱ་རྒྱུ་བྱུང་ན་སྙམ། “ཞོགས་པ་ངས་ལས་དོན་པར་གུར་ནང་ཕྲུ་གུ་སྦྱོང་ཚན་འབྲི་སའི་རྐུབ་སྟེགས་འདང་གི་མིན་འདུག་ཅེས་ཤོད་སྐབས་ཡུན་རིང་མ་སོང་བར་དང་བླངས་པ་ཚོས་རྐུབ་སྟེགས་བསྐྱལ་བྱུང་། ངས་དང་བླངས་པའི་ལས་དོན་དེ་དོན་སྙིང་ཆེན་པོ་ཞིག་མཐོང་ཞིང་དང་བླངས་པ་བསྡུ་ཡི་ཡོད་པ་ཐོས་བྱུང་བས་མིང་ཐོ་འགོད་པར་བསྐྱོད་པ་ཡིན”ཞེས་བརྗོད་བྱུང་།

དང་བླངས་པའི་ཁྲོད་ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ཡོད་ལ་མེས་རྒྱལ་ས་གནས་ཁག་ནས་ཡོང་བའི་གཞོན་ནུ་ཡང་ཡོད་པས་ལེ་ཞུའེ་ནི་དེའི་ཁྲོད་ཀྱི་གཅིག་ཡིན།

གསར་འགོད་པར་ཁོང་འཕྲད་སྐབས་ལོ་23ལ་སླེབས་པའི་ལེ་ཞུའེ་ལས་རོགས་ཚོ་དང་མཉམ་དུ་བཀོད་སྒྲིག་བྱ་ཡུལ་གུར་གྱི་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱས་ནས་མང་ཚོགས་ལ་རོགས་རམ་བྱེད་པ་དང་ཁོམ་པ་ཡོད་སྐབས་སུ་གད་སྙིགས་སྒྲུག་རོགས་བྱེད་བཞིན་འདུག

ཟླ་5ཚེས་1ཉིན་ནས་བཟུང་ཁོང་ལ་ངལ་གསོའི་དུས་ཚོད་ཉིན་4ཡོད་པས་ཁོང་གིས་དུས་ཚོད་དེ་སྤྱད་ནས་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་ཐོག་གནོད་འཚེ་ཕོག་པའི་མང་ཚོགས་ལ་འོས་འགན་ངང་ཞབས་འདེགས་ཞུས་པ་རེད།

བཀོད་སྒྲིག་བྱ་ཡུལ་ C ཁུལ་དུ་ཡོད་པའི་གནས་སྐབས་སྡེ་ཚོགས་ཀྲི་པུའི་གུར་གྱི་མདུན་དུ་གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར“གེགས་རྗེས་བསྐྱར་སྐྲུན་བྱེད་འགོ་ཚུགས་རྗེས་ང་ཚོས་ཕྱོགས་གཅིག་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་། གཅིག་ཤོས་ནས་གཞོན་ནུ་དང་བླངས་པ་བསྡུས་པ་ཡིན། མིག་སྔར་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་དང་བླངས་པ་200དང་། ལྷ་རྩེའི་བཀོད་སྒྲིག་བྱ་ཡུལ་དུ་དང་བླངས་པ200 སྐྱིད་གྲོང་གེགས་ཁུལ་དུ་དང་བླངས་པ་80 གཉའ་ལམ་གེགས་ཁུལ་དུ་དང་བླངས་པ་100བཅས་ཡོད་ལ། ད་ཆ་དང་བླངས་པ་མང་དུ་འགྲོ་བཞིན་ཡོད”ཅེས་བརྗོད་བྱུང་།

དམངས་ལ་མིང་མེད་དཔའ་བོ་དེ་བས་མཁོ།

གེགས་རྗེས་བསྐྱར་སྐྲུན་ཐད་དངོས་པོ་མཁོ་ལ། སེམས་ཁམས་ཀྱི་རྒྱབ་སྐྱོར་དེ་བས་མཁོ་ཡི་ཡོད། ལས་དོན་དེར་རང་སྐྱོང་ལྗོངས་ནས་གནོད་འཚེ་ཕོག་ཁུལ་གྱི་རྫོང་ཁག་གི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་བར་གྱི་ཐུགས་ཁུར་དང་འབད་བརྩོན་མཁོ་ཡི་ཡོད་པ་མ་ཟད། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྲངས་མེད་ཀྱི་ཉིན་མཚན་བལྟོས་མེད་ཀྱི་འབད་བརྩོན་ཡང་དེ་བས་མཁོ་པོ་ཡོད། སྐྱིད་གྲོང་རྫོང་དུ་ན་གཞོན་མ་ཅིང་ཅིང་ངལ་དུབ་ཆེ་བའི་རྐྱེན་གྱིས་ལས་གནས་ཐོག་འགྱེལ། ས་ཡོམ་བརྒྱབ་པའི་ཉིན་མོར་མ་ཅིང་ཅིང་གི་ལག་ཐོགས་ཁ་པར་དེ་ཐད་སྦྲེལ་ཁ་པར་ཞིག་ཏུ་གྱུར་ནས་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་ཁག་གིས་ཁ་པར་ཡང་ཡང་བརྒྱབ་སྟེ་སྐྱིད་གྲོང་གི་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད། དེ་ནས་བཟུང་ཁོང་ལ་ངལ་གསོ་རྒྱག་པའི་ཁོམ་པ་མེད། སྨྱན་སྦྱོར་ཁག་ལ་བསུ་བ་ཞུ་བ་དང་སྨྱན་སྦྱོར་དབར་མཐོང་ཐོས་མྱོང་གྲུབ་ཀྱི་ཡིག་ཆ་མཁོ་འདོན་བྱེད་པ་དང་ས་ཡོམ་བརྒྱབ་པའི་ཉིན་དེར་རྫོང་གྲོང་དུ་ལས་ཀ་བྱས་ནས་མཚན་གང་བསྡད་ལ་ཉིན་གཉིས་པར་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ་སྨྱན་སྦྱོར་པར་རོགས་པ་བྱས་ནས་གསར་འགྱུར་འཕྲིན་སྤེལ་བྱེད་ཀྱི་ཡོད། ཉིན་ལྟར་མཚན་མོའི་ཆུ་ཚོད་གཉིས་པ་ཡོལ་ཡང་ད་དུང་ལས་ཀ་བྱས་ནས་སྡོད་ཅིང་། ལས་འབོར་མང་པོ་དེ་འདྲ་སྐྱེས་པ་ཞིག་གིས་ཀྱང་བཟོད་ཐབས་བྲལ་བས། བུད་མེད་གཅིག་གིས་བཟོད་ཐུབ་བམ། ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་ལས་ཀའི་བཀོད་སྒྲིག་དང་ལེན་བྱེད་བཞིན་པའི་ཁོང་གེགས་ཁུལ་དུ་འགྱེལ། སྐྱིད་གྲོང་རྫོང་གི་བཀོད་སྒྲིག་བྱ་ཡུལ་དུ་ཧྲང་ཧའེ་གྲོང་ཁྱེར་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ལས་རོགས་པ་ཡིན་པའི་དབྱང་ཞའོ་ཏུང་ལ་གེགས་ཁུལ་དུ་སྐྱོད་དགོས་པའི་བརྡ་ཐོ་འབྱོར་རྗེས་ཁོང་གིས་འཕྲལ་མར་སྨན་བཅོས་རུ་ཁག་གི་སྣེ་འཁྲིད་ནས་གེགས་ཁུལ་དུ་བསྐྱོད། ས་ཡོམ་བརྒྱབ་རྗེས་ཀྱི་སྐྱིད་གྲོང་རྫོང་གྲོང་དུ་རྨས་མ་མང་པོ་ཡོད་པ་དང་དབྱང་ཞའོ་ཏུང་དང་བཅས་པ་ཆུང་ཁ་གང་ཡང་འཐུང་ཁོམ་མ་བྱུང་བར་འཕྲལ་མར་རྨས་མ་སྐྱོབ་པའི་ལས་ལ་བྲེལ།

སྐྱིད་གྲོང་རྫོང་གྲོང་དུ་སྨན་བཅོས་རོགས་སྐྱོབ་ཀྱི་དངོས་ཟོག་བསྟུད་མར་འབྱོར་རྗེས་དབྱང་ཞའོ་ཏུང་དང་བཅས་པས་ཉིན་གཉིས་པར་གནོད་འཚེ་ཕོག་ཁུལ་སྐྱིད་གྲང་གྲོང་རྡལ་དུ་བསྐྱོད། སྐྱིད་གྲོང་གྲོང་རྡལ་དུ་འབྱོར་མ་ཐག་རྨས་མ་ཚོར་སྨན་བཅོས་བྱས་པ་དང་ནད་གཞི་ལྕི་པོ་ཕོག་པའི་ནད་པ་རེ་རེ་བཞིན་གཞིས་རྩེ་གྲོང་ཁྱེར་སྨན་ཁང་དུ་དབོར་ནས་ཆུ་ཚོད30ལྷག་ཙམ་ངལ་གསོ་རྒྱག་རྒྱུ་བྱུང་མེད།

བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་ཡོད་པའི་འགྲམ་གྲོང་རྡལ་སྤང་གྲོང་ལྷན་གྱི་གནས་སྐབས་ལས་དོན་སྤེལ་ཡུལ་དུ་ཕུར་བུ་ཚེ་རིང་གི་ཨ་མ་བསོད་ནམས་བཟང་མོར་སྨན་བསྐྱལ་ནས་ལོག་པ་དང་སྐབས་འཁེལ་བྱུང་། གཟུགས་ཚད་འབྲིང་ཙམ་དང་ངོ་གདོང་ནག་ཙམ་གྱི་ཕུར་བུ་ཚེ་རིང་ནི་འགྲམ་གྲོང་རྡལ་སྤང་གྲོང་ལྷན་གྱི་སློབ་ཆེན་ཐོན་པའི་གྲོང་དཔོན་ཞིག་ཡིན། ངལ་གསོ་རྒྱག་ཁོམ་མ་བྱུང་བར་བརྟེན་ཆམ་པ་ཕོག་ནས་ང་ཚོ་དང་སྐད་ཆ་ཤོད་སྐབས་གློ་ཡང་ཡང་རྒྱག་གི་འདུག

ཁོང་ལོ་ན་ཕྲ་ཡང་མང་ཚོགས་ཀྱི་ལས་དོན་སྒྲུབ་སྐབས་འཇོན་ཐང་ཅན་ཞིག་ཡིན། ཁོང་གི་ལག་ཏུ་ཡོད་པའི་དེབ་ཆུང་དེ་ནི་ནོར་བུ་ཞིག་དང་མཚུངས་ལ་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་སྐོར་དེབ་དེའི་ཐོག“2015ལོའི་ཟླ5ཚེས3ཉིན་གྱི་ཞོགས་པའི་ཆུ་ཚོད12པར་སྨན་པས་གྲོང་ལྷན་གྱི་རྒན་རྒོན་སྐལ་རིག་དང་བསོད་ནམས་བཟང་མོ་ལ་བལྟ་བར་ཡོང་། སྨན་པས་ཕྱི་དྲོའི་ཆུ་ཚོད4པར་སྨན་ལེན་པར་ཡོང་བར་ཤོག”ཞེས་བཀོད་འདུག

ལས་དོན་སྒྲུབ་མཁས་པར་བརྟེན་མང་ཚོགས་ཁོང་དང་བྲལ་ཐབས་མེད། “མང་ཚོགས་ཚོས་ང་མ་མཐོང་ན་སེམས་ཁྲལ་བྱེད་ཀྱི་འདུག ང་ལ་དོན་དག་ཡོད་དུས་མང་ཚོགས་ལ་དགོངས་པ་ཞུ་དགོས་ཀྱི་ཡོད”ཅེས་ཀུ་རེ་དང་བཅས་གསར་འགོད་པར་དེ་ལྟར་བཤད། དེ་ལྟར་ཁོང་གིས་བཀོད་སྒྲིག་བྱ་ཡུལ་དུ་དངོས་ཟོག་བགོ་བཤའ་རྒྱག་པའི་ལས་འགན་དེ་དོར་ནས་སྤང་གྲོང་ལྷན་གྱི་གྲོང་མི་དང་མཉམ་དུ་མང་ཚོགས་ཀྱི་ལས་དོན་བསྒྲུབས་ཀྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།