ཝུའུ་དབྱིང་ཅེས་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

| 2015-05-04 09:36:59

ཟླ་5ཚེས་2ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝུའུ་དབྱིང་ཅེས་ཡོམ་འགོག་གེགས་སེལ་མདུན་ཕྱོགས་བཀོད་འདོམས་པུའུ་རུ་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཞུགས་མོལ་གནང་ནས་གེགས་བར་བྱུང་བའི་ཁུལ་གྱི་གེགས་བར་རྗེས་ཀྱི་ས་གཤིས་གནས་ཚུལ་ཕྱོགས་བསྡུས་ཐོག་རིགས་པས་ཁུངས་སྐྱེལ་དང་གདེང་འཇོག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དགོངས་འཆར་བརྗེ་རེས་གནང་བ་རེད།

ས་ཡོམ་གྱི་གནོད་འཚེ་ཐོན་རྗེས་ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཙུང་ལི་གཞོན་པ་ཀྲང་ཀའོ་ལི་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད།

བླང་བྱ་ཁ་གསལ་ཡང་བཏོན་གནང་བ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མངོན་པ་དང་། རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་ཐུབ་ཡོད་ལ། གཞི་འཛིན་ས་ཡང་གལ་ཆེན་མཁོ་འདོན་ཐུབ་པའི་ཁར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་ཤུགས་དང་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད་ཅེས་གསུངས་པ་རེད།

གེགས་བར་བྱུང་བའི་ཁུལ་དང་ཡོམ་འགོག་གེགས་སེལ་ལས་དོན་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་རྗེས་ཝུའུ་དབྱིང་ཅེས། མིག་སྔར་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་དུས་འགོའི་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད་པས། ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་པར་སྔར་བཞིན་ལས་འགན་ལྕི་ལ་དཀའ་ཚེགས་ཆེན་པོ་ཡོད། གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྒུལ་ཤུགས་སུ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་བླང་བྱ་གཞིར་བཟུང་ཡང་འབད་བསྐྱར་འབད་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རིགས་གཅིག་མཁས་ཅན་ཚོགས་ཆུང་དང་བཅས་པའི་ཁྲོད་ཀྱི་བློ་མཐུན་མི་ཉུང་བ་ཞིག་གིས་རང་ལྗོངས་སུ་ཚན་ཞིབ་ལས་དོན་སྒྲུབ་མྱོང་བ་དང་བོད་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་པས། རིགས་གཅིག་མཁས་ཅན་ཚོས་ང་ཚོར་གེགས་བར་རྗེས་ཀྱི་ས་གཤིས་གནས་ཚུལ་ཕྱོགས་བསྡུས་ཐོག་རིགས་པས་ཁུངས་སྐྱེལ་དང་གདེང་འཇོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཏེ་དབང་གྲགས་ལྡན་པའི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་བཏོན་ནས་རང་ལྗོངས་ཀྱི་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ས་གཤིས་གནོད་འཚེ་འགོག་བཅོས་ལས་དོན་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།