རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཚམས་འདྲིའི་ཡི་གེ

| 2015-05-02 15:32:14

གཞིས་རྩེ་དང་མངའ་རིས་ཀྱི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཏང་ཡོན་ལས་བྱེད་པ་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ། ཡོམ་འགོག་གེགས་སེལ་ནང་ཞུགས་མཁན་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ།

2015ལོའི་ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ལ་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་རྗེས་བསྟུད་མར་ཡོམ་འཕྲོ་ཐེངས་བརྒྱ་ཙམ་བརྒྱབ་ནས་རང་ལྗོངས་ཀྱི་གཉའ་ལམ་དང་། སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གཏིང་སྐྱེས། གྲོ་མོ། ལྷ་རྩེ། ས་སྐྱ། རྒྱལ་རྩེ། གམ་པ། ངམ་རིང་། བསམ་གྲུབ་རྩེ། སྤུ་ཧྲེང་སོགས་རྫོང་དང་ཆུས་སུ་གནོད་འཚེ་ཕོག་པ་མ་ཟད། གནོད་འཚེའི་གནས་ཚུལ་ཚབས་ཆེ་བ་དང་གེགས་སེལ་གྱི་དཀའ་ངལ་ཆེ་བ་དེ་ལོ་རྒྱུས་ཐོག་བྱུང་མ་མྱོང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནོད་འཚེ་ཕོག་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཟབ་མོ་ཞུ་རྒྱུ་ཡིན། རྐྱེན་ལམ་དུ་ཤོར་མཁན་ཚོར་སྐྱོ་སྣང་ཆེན་པོས་མྱ་ངན་ཞུ་རྒྱུ། ཉིན་མཚན་བལྟོས་མེད་ངང་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ། ཡོམ་འགོག་གེགས་སེལ་ནང་ཞུགས་མཁན་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་དང་དེ་བཞིན་ཉིན་མཚན་བལྟོས་མེད་ངང་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་། བླ་ན་མ་མཆིས་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

ད་རེས་གློ་བུར་དུ་བྱུང་བའི་གནོད་འཚེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཙུང་ལི་གཞོན་པ་ཀྲང་ཀའོ་ལི་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་འཕྲལ་མ་ཉིད་དུ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བར་བརྟེན་ང་ཚོར་དྲོ་སྐྱིད་ལྷག་པར་ཚོར་བ་མ་ཟད། ལྕག་སྐུལ་ཡང་ཆེན་པོ་ཐེབས་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་ཕྱིར་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད། གནོད་འཚེ་བྱུང་སྐབས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་། སེམས་པ་གྲུ་གཅིག་ནང་གི་མི་བཞིན། དུས་ངལ་མཉམ་སེལ་བཅས་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། གཉིས་ལྡན་དུད་སྦྲེལ་བཅས་ཀྱིས་སྒུག་བརྟེན་མི་བྱེད་པར་འཕྲལ་དུ་མི་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་དང་སྣེ་ཁྲིད་ཀྱིས་མི་སྐྱོབ་ཉེན་སེལ་དང་མང་ཚོགས་གནས་སྤོ་བཀོད་སྒྲིག་ནང་གང་མྱུར་ཞུགས་པ་དང་། གནོད་འཚེ་ཕོག་པའི་རྒྱ་ཆེའི་མང་ཚོགས་དབར་མཛའ་བརྩེའི་རོགས་རེས་དང་། འབད་བརྩོན་ལྷོད་མེད་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གནོད་འགོག་རང་སྐྱོབ་བཅས་བྱས་ནས་བློ་སྟོབས་ཆེན་པོ་དང་སྙིང་རུས་ཆེན་པོར་བརྟེན་ནས་རང་བྱུང་གནོད་འཚེ་དང་འཐབ་རྩོད་བྱེད་པ། གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པའི་ཏང་ཡོན་ལས་བྱེད་པ་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་མི་དམངས་ཉེན་རྟོག་པ། ཡུལ་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ཀྱིས་གནོད་འཚེ་ཕོག་ཁུལ་མི་དམངས་རྣམས་གཉེན་ཉེར་བརྩིས་ནས་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་དང་། མཐོ་གྲང་གི་གསོ་རླུང་མི་འདང་བ་དང་ཆ་རྐྱེན་ཞན་པར་མི་འཛེམས་པར་གང་མྱུར་སྐྱོབ་ཐབས་བྱེད་པ། རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་དང་སྨན་དོན་པས་ཉེན་གྱར་མི་སྣ་དང་རྨས་སྐྱོན་ཕོག་པའི་མང་ཚོགས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱེད་པ། རྒྱ་ཆེའི་གསར་འགྱུར་ལས་དོན་པས་ཉེན་ཁ་འཕྲད་ཀྱང་སྐྲག་སྣང་མི་བྱེད་པ་དང་། རང་ཉིད་གཏིང་བརྗེད་ཀྱིས་ལས་ཀར་ཞུགས་པ། ཡོམ་འགོག་གེགས་སེལ་དྲིལ་བསྒྲགས་དང་ས་གནས་ས་ཐོག་གི་གནས་ཚུལ་སྤེལ་གཏོང་བྱེད་པའི་འཐབ་ས་དང་པོར་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱེད་པ། ས་གནས་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས“ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་རོགས་རམ་ཤུགས་ཆེན་དང་འཇུངས་པ་མེད་པའི་རྒྱབ་སྐྱོར་བྱས་ཡོད། ང་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་བའི་དབང་གིས་དམངས་སེམས་གཅིག་མཐུན་དང་། བློ་སྟོབས་གཅིག་སྒྲིལ། ཕྱར་བ་གྲུ་འདེགས། དཀའ་བར་མི་འཛེམས་པར་མདུན་དུ་སྐྱོད་པ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱེད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་གང་མྱུར་བདེ་འཇགས་ལྡན་སར་གནས་སྤོ་བཀོད་སྒྲིག་འོས་འཚམ་བྱས་ནས་འབད་བརྩོན་ཆེ་ཤོས་ཀྱི་སྒོ་ནས་མི་སྣ་ཤི་རྨས་མི་ཡོང་བ་བྱས་ཏེ་ས་ཡོམ་རིམ་པ་8.1བརྒྱབ་རྗེས་ཡོམ་འཕྲོ་ཐེངས་བརྒྱ་ཙམ་བརྒྱབ་ཀྱང་མི་སྣ་ཤི་རྨས་ཉུང་ཤོས་ཡིན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་དེ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་སྡོད་ས་ཡོད་པ་དང་། ལྟོ་ཟ་རྒྱུ་ཡོད་པ། གོས་གྱོན་རྒྱུ་ཡོད་པ། ཆུ་འཐུང་རྒྱུ་ཡོད་པ། རྨས་སྐྱོན་ཕོག་ཀྱང་སྨན་བཅོས་ཐུབ་པ་བཅས་བྱུང་ཡོད།

དེང་སྐབས་ཡོམ་འགོག་གེགས་སེལ་དེ་འགག་རྩའི་དུས་སྐབས་སུ་སླེབས་པས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་ཏེ་ཡོམ་འགོག་གེགས་སེལ་དེ་མིག་སྔའི་ལྗོངས་ཡོངས་ཀྱི་དོན་ཆེན་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚེ་སྲོག་གོང་དུ་བཀུར་བ་དང་། མི་སྐྱོབ་བཅོས་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པར་བརྩིས་ནས་སྐུལ་སློང་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་སྐུལ་སློང་བྱེད་པ་དང་སྤྱོད་ཐུབ་པའི་བྱ་ཐབས་མཐའ་དག་སྤྱོད་པ་བཅས་མཐའ་འཁྱོངས་བྱས་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་དཀའ་ངལ་འཕྲད་ཀྱང་མི་སྐྲག་པ་དང་། དཀའ་ངལ་འཕྲད་ཀྱང་སྨྲེ་ངག་མི་འདོན་པ། དཀའ་ངལ་འཕྲད་ཀྱང་སྡུག་སྐད་མི་རྒྱག་པ། གཟུགས་པོའི་ཤ་སྐམ་རྒྱུར་མི་སྐྲག་པ། པགས་པ་བུད་རྒྱུར་མི་སྐྲག་པ། རྔུལ་ཆུ་འདོན་རྒྱུར་མི་སྐྲག་པ། རང་སྲོག་བློས་གཏོང་ལ་མི་སྐྲག་པར་ཚེ་སྲོག་སྐྱོབ་གང་ཐུབ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་གང་ཐུབ། གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བཀོད་སྒྲིག་གང་ཐུབ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཡོང་བར་རོགས་རམ་གང་ཐུབ། མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་གང་ཐུབ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་བ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བ་བཅས་བྱེད་དགོས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ཏེ་ཡིད་ཆེས་བརྟན་དུ་གཏོང་བ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུའི་འབད་བརྩོན་བྱེད་དགོས།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་།

2015ལོའི་ཟླ་5ཚེས་1ཉིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།