སྐྱིད་གྲོང་རྫོང་གི་གེགས་ཁུལ་མང་ཚོགས་ཚོས་རང་སྐྱོབ་ཧུར་ཐག་བྱས་པའི་སྐོར་གྱི་ཟུར་བྲིས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-30 09:42:17

ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པ་དེས་སྐྱིད་གྲོང་རྫོང་གི་མང་ཚོགས་ལ་གྱོ ང་གུན་ཚབས་ཆེན་ཕོག་ཅིང་། ས་ཡོམ་བརྒྱབ་རྗེས་མང་ཚོགས་ཚོས་རང་འགུལ་ངང་ཡོམ་འགོག་གེགས་སེལ་དང་རང་སྐྱོབ་ལས་དོན་སྤེལ་བའི་མི་སེམས་འགུལ་བའི་རྣམ་པ་མང་པོ་གང་སར་མཐོང་རྒྱུ་ཡོད།

ཟླ་4ཚེས་25ཉིན་གྱི་ཆུ་ཚོད་2དང་སྐར་མ་30སྟེ་ས་ཡོམ་བརྒྱབ་ནས་ཡུན་རིང་མ་སོང་བར་ས་ལེབ་ཤང་བྲག་སྣེ་གྲོང་ཚོའི་རྡིབས་སྐྱོན་བྱུང་བའི་ཁང་པའི་ནང་གྲོང་མི་དང་ལས་བྱེད་པ་10ལྷག་ཙམ་མཉམ་དུ་ཞིག་རོ་གཙང་བཟོ་བྱེད་བཞིན་ཡོད།

ཚང་མས་ས་ཡོམ་ལས་བྱུང་བའི་དངངས་སྐྲག་ཁྱད་བསད་ཀྱིས་ནུས་ཤུགས་ཡོད་རྒུས་ཞིག་རོ་གཙང་མ་བཟོ་བཞིན་ཡོད་ཅིང་། སྐབས་དེ་དུས་ཀྱི་གནས་ཚུལ་སྐོར་གླེང་སྐབས་གྲོང་མི་ཚེ་རིང་གིས“ང་ཚོར་བསམ་བློ་གཞན་དག་འཁོར་མ་བྱུང་། རྡིབས་པའི་ཁང་པའི་ནང་ནས་ཅ་དངོས་འདོན་པ་དང་ཞིག་རོའི་འོག་ལུས་པའི་མི་སྣ་འཚོལ་སྐྱོབ་བྱེད་དགོས་བསམས་བྱུང་”ཞེས་བཤད་བྱུང་།

ས་ལེབ་ཤང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་འགན་ཁུར་བ་ལིའུ་ཡུང་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དོན་དངོས་ཐོག་ས་ལེབ་ཤང་དུ་གནོད་འཚེ་ཚབས་ཆེན་ཕོག་ནས་ཁང་པ་ཕལ་ཆེ་བ་རྡིབས་ཡོད། ཡིན་ནའང་ཚང་མས་རང་གི་ཁང་པར་དོ་སྣང་བྱེད་ཁོམ་མེད་པར་གཅིག་རྗེས་གཉིས་མཐུད་ངང་ཞིག་རོའི་འོག་ལུས་པའི་མི་སྣ་འཚོལ་སྐྱོབ་བྱས་པ་རེད།

ཚང་མའི་འབད་བརྩོན་འོག་ཞིག་རོའི་འོག་ལུས་པའི་མི་སྣ་འགའ་ཞིག་མྱུར་དུ་སྐྱོབ་ཐུབ་པ་བྱུང་བ་མ་ཟད་སྨན་ཁང་དུ་བསྐྱལ་ཡོད།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་སྐད་ཆ་དེ་ས་ལེབ་ཤང་ཙམ་མ་ཟད། ད་དུང་སྐྱིད་གྲོང་གྲོང་རྡལ་དུ་དེ་བས་མངོན་ཞིང་། ས་ཡོམ་རྗེས་སུ་སྐྱིད་གྲོང་གྲོང་རྡལ་དུ་རྫོང་དེ་ཡོངས་ཀྱི་མི་སྣ་བཀོད་སྒྲིག་ཁུལ་ཆེ་ཤོས་བཙུགས་པ་དང་བཀོད་སྒྲིག་མི་སྣ་1200ལས་བརྒལ་ཡོད་པ་རེད།

ས་ཡོམ་རྗེས་སུ་མི་མང་པོ་དེ་འདྲ་ལྟོ་ཆས་མཉམ་དུ་ཟ་རྒྱུ་ནི་གནད་དོན་ཆེན་པོར་གྱུར་ཞིང་། གེགས་བར་བྱུང་བའི་མང་ཚོགས་ཀྱི་ལྟོ་ཆས་གནད་དོན་ཐག་གཅོད་ཐུབ་མེད་པ་གོ་ཐོས་བྱུང་རྗེས་སྐྱིད་གྲོང་གྲོང་རྡལ་ཧྲུའུ་ཀྲོའུ་གསོལ་མགྲོན་ཁང་གི་སྦྱིན་བདག་ཀྲང་ཞའོ་པིན་གྱིས་རང་འགུལ་ངང་བཀོད་སྒྲིག་ས་ཚུགས་ཀྱི་མང་ཚོགས་ལ་ལྟོ་ཆས་བཟོ་རྒྱུའི་འགན་ཁུར།

ཀྲང་ཞའོ་པིན་གྱིས“དེ་སྔ་ལས་གཉེར་བྱེད་སྐབས་ཉིན་གཅིག་ལ་སྐུ་མགྲོན་50ལྷག་ཙམ་ལ་སྣེ་ལེན་ཞུ་དགོས་པས་ཧ་ཅང་དགའ་པོ་ཡོང་གི་འདུག ད་ཆ་ཉིན་གཅིག་ལ་གནོད་འཚེ་ཕོག་པའི་མང་ཚོགས་1000ལྷག་ཙམ་ལ་ལྟོ་ཆས་བཟོ་དགོས་ཀྱི་འདུག དཀའ་ལས་ཁག་པོ་ཡོད་ཀྱང་འགྱོད་པ་གང་ཡང་མི་འདུག”ཅེས་གསར་འགོད་པར་བཤད་བྱུང་།

དེ་གར་བྲེལ་འཚུབ་ཆེ་བས་ཀྲང་ཞའོ་པིན་གྱིས་ད་དུང་རང་གི་སྤུན་ཉེ་དང་གྲོགས་པོ་རོགས་པ་བྱེད་པར་སྐད་བཏང་བ་དང་། ཉིན་ལྟར་ཁོ་ཚོ་མི་10ལྷག་ཙམ་གྱིས་ཟ་ཁང་ནང་ཞོགས་པའི་ཆུ་ཚོད་5པ་ནས་དགོང་མོའི་ཆུ་ཚོད་10པ་བར་མང་ཚོགས་ལ་ལྟོ་ཆས་བཟོས་ནས་སྡོད་ཀྱི་ཡོད།

ཀྲང་ཞའོ་པིན་ལྟ་བུའི་ཚོང་པ་ཚོས་ཡོམ་འགོག་གེགས་སེལ་ཁྲོད་ནུས་ཤུགས་འདོན་སྤེལ་བྱེད་པ་མ་ཟད། བཀོད་སྒྲིག་ས་ཚུགས་ཀྱི་མང་ཚོགས་རྣམས་ཀྱང་ཡོམ་འགོག་གེགས་སེལ་ནང་ཞུགས་བཞིན་ཡོད་པ་རེད། གསར་འགོད་པས་ཉིན་ལྟར་ཞོགས་པ་དང་ལྟོ་ཆས་རྗེས་ཀྱི་དུས་ཚོད་ནང་མང་ཚོགས་དང་སློབ་ཕྲུག་ཁག་གཅིག་གིས་ལག་ཏུ་གད་སྙིགས་བླུག་སྣོད་འཁྱེར་ནས་རང་འགུལ་ངང་བཀོད་སྒྲིག་ས་ཚུགས་ཀྱི་འཚོ་བའི་གད་སྙིགས་སྒྲུག་བཞིན་པ་མཐོང་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།