ཡོམ་འགོག་གེགས་སེལ་ཁྲོད་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་འགོ་ཁྲིད་ལས་བྱེད་པའི་དཔེ་བཟང་སྣེ་ཁྲིད་དང་དེ་བཞིན་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-29 09:36:12

ཟླ་4ཚེས་27ཉིན་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་གྲོང་ཁྱེར་ཏང་ཨུད་རྩ་འཛུགས་པུའུ་དང་ལྗོངས་ཐད་གཏོགས་ཚན་པ་ཁག་གི་ཆབ་སྲིད་ལས་དོན་དང་མི་དོན་སྡེ་ཚན་ལ་ཡོམ་འགོག་གེགས་སེལ་ཁྲོད་རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་འགོ་ཁྲིད་ལས་བྱེད་པའི་དཔེ་བཟང་སྣེ་ཁྲིད་དང་དེ་བཞིན་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་མང་ཚོགས་སྒྲིག་འཛུགས་ཀྱིས་ཡོམ་འགོག་གེགས་སེལ་ནང་ཞུགས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁུར་ཕོད་པའི་སྙིང་སྟོབས་མངོན་པ་བྱས་ཡོད། མིག་སྔར་ཡོམ་འགོག་གེགས་སེལ་ལས་དོན་འགག་རྩའི་དུས་སུ་སླེབས་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་ཧྲུའུ་ཅི་ཁྲེན་ཆོན་གོའི་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་དང་ཛ་དྲག་གི་བརྙན་ལམ་ཚོགས་འདུའི་ཐོག་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ཡོམ་འགོག་གེགས་སེལ་ལས་དོན་དེ་མིག་སྔའི་ཆེས་གལ་ཆེན་དང་ཆེས་ཁ་ཚ་དགོས་གཏུགས་ཀྱི་ཆབ་སྲིད་ལས་འགན་དང“ནན་གསུམ་དྲང་གསུམ”ལག་ལེན་བསྟར་བའི་འཐབ་ས་གལ་ཆེན་ལ་བརྩིས་ནས་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་ལུགས་བསྟན་ཡོད་པ་སྟེ།

གཅིག རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཡོམ་འགོག་གེགས་སེལ་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་དགོངས་པ་གལ་ཆེན་རབ་དང་རིམ་པ་ཁོང་དུ་བརྟན་པོ་ཆུད་པ་དང་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱི་བསམ་བློ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ཡོམ་འགོག་གེགས་སེལ་ལས་དོན་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པ་དང་བོད་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་ཡུན་རིང་པོ་དམག་འཐབ་བྱེད་པའི་བསམ་བློའི་གྲ་སྒྲིག་བྱས་ཏེ་དཀའ་ངལ་ལ་མི་སྐྲག་པ་དང་རྒྱུན་མཐུད་ངང་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་རྒྱུ་དེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁྲོད་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མི་སྣ་མྱུར་སྐྱོབ་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་འོས་འཚམ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པ། གནོད་འཚེ་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བཅས་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་གཙོ་གནད་ཁུལ་གྱི་བདེ་འཇགས་དོགས་ཟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྤེལ་དགོས་པ་དང་།

གཉིས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་བྱ་སྤྱོད་མཐའ་དག་བཀོད་འདོམས་ལ་ཉན་དགོས། ད་རེས་ཀྱི་ས་ཡོམ་གྱི་གནོད་འཚེ་དེ་ནི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་ཀྱི་གོ་རྟོགས་ལ་ཆེས་དངོས་ཡོད་དང་ཆེས་ཐད་ཀའི་ཚོད་བགམ་བྱས་པ་ཞིག་རེད། རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྒྲིག་ཁྲིམས་སྲུང་བ་དང་། སྒྲིག་ལམ་ལ་སྣང་ཆེན། འབོད་སྐུལ་དང་ལེན་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ་དང་ཡོམ་འགོག་གེགས་སེལ་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ལས་དོན་གང་དུ་བཀོད་སྒྲིག་བྱས་རུང་ལས་དོན་ཚང་མ་དེ་གར་དོན་འཁྱོལ་ཐུབ་པ་བྱེད་པ་ལས་ཆ་རྐྱེན་འདོན་པ་དང་དཀའ་ངལ་བརྗོད་མི་རུང་ལ་བཀའ་རྒྱ་ཡོད་བཞིན་དུ་ལག་ལེན་མི་བསྟར་བ་དང་བཀག་འགོག་བྱས་ཀྱང་མི་ཉན་པའི་རྣམ་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་སྤྱི་ཚོགས་ཕྱོགས་ཡོངས་སུ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་ས་ཁོངས་ཕྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་ལ་དོགས་ཟོན་ནན་པོ་བྱེད་པ་དང་གནོད་འཚེར་ཁ་གཡར་ནས་དཀྲོག་གཏམ་བཟོ་བ་དང་། ཟིང་ཆ་སློང་བ། དཀྲུག་ཤིང་རྒྱག་པ་སོགས་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ།

གསུམ། རང་དཔེ་གཞན་སྟོན་གྱིས་མང་ཚོགས་ཀྱི་བརྟེན་ས་ཡག་པོ་ཞིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཨང་དང་པོར་བཞག་ནས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་དང་། འཐབ་ས་དང་པོར་སྐྱོད་པ་དང་བཀོད་འདོམས་ལ་ཉན་ནས་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཁུལ་དང་ཉེན་ཁ་ཆེ་ཤོས་ཁུལ་དུ་བསྐྱོད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་དམངས་མང་ཚོགས་སྣེ་ཁྲིད་ཀྱིས་ཡོམ་འགོག་གེགས་སེལ་བྱས་ནས་གེགས་ཁུལ་དང་ལྷག་དོན་དུ་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཁུལ་ཚང་མ་ནས་འགོ་ཁྲིད་ལས་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་འགོ་ཁྲིད་ལས་བྱེད་པའི་སྐད་སྒྲ་ཐོས་རྒྱུ་ཡོད་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཀྱི་གཤིས་རྒྱུད་དང་སྤྱོད་བཟང་དར་སྤེལ་གཏོང་བ་དང་། ཡོམ་འགོག་གེགས་སེལ་གྱི་ལས་ཀའི་བཀོད་སྒྲིག་ཁག་སྣེ་ཁྲིད་ཀྱིས་ལག་བསྟར་བྱེད་པ། འགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུག་བྱ་ཡུལ་འཚོལ་བ་དང་། ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པ། ཉིན་མཚན་བལྟོས་མེད་ངང་ལས་རེས་ཀྱི་སྣེ་འཁྲིད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་ཐུབ་པ་བྱེད་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་གྱིས་ཕྱོགས་ཡོངས་ནས་འཚོལ་སྐྱོབ་བྱེད་པ་དང་ཁུག་ཀྱོག་ཚང་མར་གྲལ་བཤེར་གྱིས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་ཐུབ་པ་བྱེད་དགོས་པ།

བཞི། མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་ནས་མང་ཚོགས་ཀྱི་སྙིང་ཉེ་བ་ཡག་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཡོམ་འགོག་གེགས་སེལ་བྱ་རྒྱུ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བའི་འཐབ་ས་གཙོ་བོར་བརྩིས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་ཤི་རྒྱུར་མི་སྐྲག་པ་དང་ལེགས་སྐྱེས་འབུལ་ཕོད་པའི་སྙིང་སྟོབས་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ལ་བརྩེ་སེམས་བཅངས་ཏེ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་གནོད་འཚེ་ཕོག་པའི་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། སེམས་པ་གཅིག་སྦྲེལ་བཅས་བྱེད་དགོས། ཏང་ཡོན་སྟོབས་ཤུགས་གཙོ་བོར་བྱེད་པའི་ཡོམ་འགོག་གེགས་སེལ་གྱི་གདོང་ལེན་རུ་ཁག་དང་། འཕྲལ་སྒྲུབ་རུ་ཁག དང་བླངས་ཞབས་ཞུའི་རུ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་དགོས་གལ་ཆེ་བའི་ཁུལ་དུ་འཕྲལ་མར་བསྐྱོད་དེ་གང་དུ་དཀའ་ངལ་ཡོད་པ་དེར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱེད་དགོས། གཞི་རིམ་རྩ་འཛུགས་དང་། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། གཉིས་ལྡན་དུད་སྦྲེལ། དཔུང་སྡེའི་དཔོན་དམག་བཅས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ནས་གནོད་འཚེའི་གནས་ཚུལ་གྲལ་བཤེར་དང་། མི་སྣ་གནས་སྤོ། ཉེན་ཁ་མེད་པ་བཟོ་བ། རྒྱུ་ནོར་མྱུར་སྐྱོབ་བྱེད་པ་བཅས་དང་གུར་དང་། མལ་ཆས་དང་གྱོན་གོས། བཟའ་བཅའ། སྨན་རྫས། འཐུང་ཆུ་སོགས་གེགས་སེལ་དངོས་པོ་གྲབས་གསོག་དང་དབོར་འདྲེན་བྱས་ཏེ་གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་སྡོད་ཁང་དང་། ལྟོ་ཆས། གྱོན་གོས། འཐུང་ཆུ། སྨན་བཅོས་བཅས་ཡོད་པ་བྱས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མང་ཚོགས་ཚོས་དུས་ཐོག་ཏུ་ཚོར་ཐུབ་པ་བྱེད་དགོས་པ།

ལྔ། སྙིང་སྟོབས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཡོམ་འགོག་གེགས་སེལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”སྙིང་སྟོབས་དར་སྤེལ་བཏང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་གིས་ནུས་ཤུགས་ཡོད་རྒུས་གེགས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱེད་པ་དང་ལྷག་དོན་དུ་འཕྲོད་བསྟེན་དང་། དམངས་སྲིད། འགྲིམ་འགྲུལ། གློག་ཤུགས། ཆུ་བེད། གློག་འཕྲིན། དངོས་ཟོག་འགན་ལེན་སོགས་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཡོམ་འགོག་གེགས་སེལ་གྱི་སྤྱི་ཡོངས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་ནུས་ཤུགས་ཡོད་རྒུས་གེགས་ཁུལ་ལ་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་ཡོམ་འགོག་གེགས་སེལ་གྱི་ལས་འགན་གཙོ་བོ་ལེགས་སྒྲུབ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་ཡོམ་འགོག་གེགས་སེལ་ཁྲོད་སྔོན་གཏོད་ལེགས་བརྩོན་བྱས་ཏེ་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ཚན་རིག་དང་མཐུན་ལ་གོ་རིམ་དང་ལྡན་པ་དང་ནུས་པ་ལྡན་ལ་ཕན་འབྲས་དངོས་ཐོན་པའི་ཐོག་ནས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབས་ཏེ་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་ཐོབ་པ་བྱས་ནས་གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཚོར་ཐུབ་པ་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་པ་བཅས་རེད།

ས་ཁུལ་ཁག་དང་སྡེ་ཚན་ཁག་གི་གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པ། རྒྱ་ཆེའི་གུང་ཁྲན་ཏང་ཡོན་བཅས་ཀྱིས་ཡོམ་འགོག་གེགས་སེལ་གྱི་འབྲེལ་ཡོད་གནས་ཚུལ་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་རུ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།