ཏེང་ཞའོ་ཀང་གཞིས་རྩེར་ཕེབས་ཏེ“4·25”ཡི་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་སྒྲིག་གནང་བ།

| 2015-04-28 10:10:21

ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ཙམ་ལ་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་སོགས་ལ་ཤུགས་རྐྱེན་ཆེན་པོ་བྱུང་སྟེ་མི་རྒྱུ་གཉིས་ཀར་གྱོང་གུན་ཆེན་པོ་ཕོག་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཚེས་25ཉིན་གྱི་དགོང་མོར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས“4·25”ཡོམ་འགོག་གེགས་སེལ་འཐབ་ས་མདུན་མའི་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་སྣེ་ཁྲིད་པའི་ལས་དོན་ཚོགས་ཆུང་གངས་ལྷགས་ལ་མ་འཛེམས་པར་གཞིས་རྩེར་ཕེབས་ནས་གེགས་བར་གནས་ཚུལ་མཁྱེན་རྟོགས་དང་སྦྲགས་ས་གནས་ས་ཐོག་ལ་བཀོད་འདོམས་གནང་བ་མ་ཟད། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་བཀོད་སྒྲིག་ཀྱང་གནང་བ་རེད།

ཚེས་26ཉིན་གྱི་ཐོ་རེངས་ཆུ་ཚོད་4དང་སྐར་མ་30ལ་ཏེང་ཞའོ་ཀང་དང་བཅས་པ་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་རྗེས་ཛ་དྲག་གི་ཚོགས་འདུ་འཕྲལ་དུ་འཚོགས་ཤིང་། ཏེང་ཞའོ་ཀང་གིས་ཚོགས་ཞུགས་བློ་མཐུན་ཡོངས་དང་མཉམ་དུ་ད་རེས་ས་ཡོམ་ཁྲོད་རྐྱེན་ལམ་དུ་སོང་བའི་སྤུན་ཟླར་མྱ་ངན་ཞུས་པ་དང་། དེ་ནས་གཞིས་རྩེ་གྲོང་ཁྱེར་གྱི་གེགས་བར་དང་གེགས་སེལ་སྙན་སེང་གསན་ཞིང་། ཏེང་ཞའོ་ཀང་གིས་གེགས་བར་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་པོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་འཕྲལ་མར་འཚོགས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་མ་ཟད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཙུའུ་ཀྲང་གནང་བའི་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་འཕྲལ་དུ་བརྡ་ལན་སྤྲད་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་བས་ད་ཆ་ལྗོངས་ཡོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅེས་དང་། ཡང་ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ནས་གེགས་བར་བྱུང་བའི་མང་ཚོགས་དང་གངས་ལྷགས་ཁྲོད་འབད་འཐབ་བྱེད་བཞིན་པའི་འཐབ་ས་མདུན་མའི་མི་དམངས་བཅིངས་འགྲོལ་དམག་བཀོད་འཐབ་པ་དང་། དྲག་ཆས་དཔུང་སྡེའི་དཔོན་དམག མཐའ་སྲུང་དཔུང་སྡེའི་དཔོན་དམག མེ་ཟོན་དཔུང་སྡེའི་དཔོན་དམག སྤྱི་བདེའི་ཉེན་རྟོག་པ་དང་དེ་བཞིན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཏེང་ཞའོ་ཀང་གིས་གཅིག་ནས་མིའི་སྲོག་སྐྱོབ་རྒྱུ་ཨང་དང་པོར་བཞག་སྟེ་དུས་ཚོད་སྐར་ཆ་ཙམ་ཡང་ནར་འགྱངས་མེད་པར་རྨས་མ་སྐྱོབ་དགོས་པ་དང་། གཉིས་ནས་མི་ཚོགས་ཁ་འགྲེམས་རྒྱུ་དོན་འཁྱོལ་ཐུབ་པའི་ཁར་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་འོས་འཚམ་གྱིས་ས་ཡོམ་བསྐྱར་དུ་ཐོན་སྐབས་གྱོང་གུན་ཕོག་ཉུང་དུ་གཏོང་དགོས་པ། གསུམ་ནས་གེགས་བར་ལ་ཞིབ་བཤེར་ཁྱོན་ཡོངས་ནས་བྱས་ཏེ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁུག་གསེང་མ་ལུས་པར་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པ། བཞི་ནས་ཉེན་སེལ་ལམ་བུ་ཤར་བགྲོད་གང་ཐུབ་ཡོང་བ་དང་དུས་ཐུང་ནང་ཚེ་སྲོག་གི་ལམ་ཤར་བགྲོད་དང་འཕྲིན་གཏོང་དང་གློག་ཤུགས་སོགས་འཕྲལ་སྡོམ་འགན་ལེན་ལེགས་པར་བྱས་ཏེ་གེགས་སྐྱོབ་དངོས་ཟོག་སྐྱེལ་ཐུབ་པ་དང་གེགས་བར་བྱུང་བའི་མང་ཚོགས་ཕྱིར་འགྲོ་སྐྱོད་ཐུབ་པ་བྱེད་དགོས་པ། ལྔ་ནས་དངོས་ཟོག་འགན་ལེན་ཏན་ཏིག་བྱེད་དགོས་པ། དྲུག་ནས་ཆེད་ལས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཆེ་རུ་བཏང་སྟེ་ཉེན་སེལ་དང་། སྲོག་སྐྱོབ། ནད་རིམས་འགོག་བཅོས། ས་གཤིས་སོགས་ཀྱི་ཆེད་ལས་ལས་མི་སྒྲིག་འཛུགས་ཀྱིས་ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་ནུས་ལྡན་བྱེད་དགོས་པ། བདུན་ནས་ཡོམ་འགོག་གེགས་སེལ་གཞི་གཅིག་ཅན་གྱི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་གེགས་ཁུལ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་དཔུང་སྡེ་དང་ལས་མི་ཚང་མས་གཅིག་གྱུར་གྱི་བཀོད་འདོམས་ལ་ཉན་ནས་ནུས་ལྡན་དང་། ཚགས་ཚུད། ཕན་ནུས་ལྡན་པ་བཅས་ཡོང་བ་བྱེད་དགོས་པ། བརྒྱད་ནས་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་འཁོར་རིགས་དང་མི་སྣ་གེགས་བར་དུ་བསྐྱོད་རྒྱུར་ཚོད་འཛིན་བྱེད་དགོས་པ། དགུ་ནས་ས་ཡོམ་གྱི་ལྟ་ཞིབ་ཚད་ལེན་དང་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་འཕྲལ་དུ་བཏོན་ནས་ཡོམ་འགོག་གེགས་སེལ་བྱ་བར་ཐབས་ཇུས་ཀྱི་དཔྱད་གཞི་འདོན་དགོས་པ། བཅུ་ནས་གེགས་བར་བྱུང་བའི་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱས་ནས་ཁོང་ཚོ་མི་ལྟོགས་མི་འཁྱགས་པ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་གེགས་ཁུལ་དུ་བསྐྱལ་ནས་གེགས་བར་བྱུང་བའི་མང་ཚོགས་རྣམས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ཚོར་དུ་འཇུག་དགོས་པ། བཅུ་གཅིག་ནས་མང་ཚོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་དང་གཞི་རིམ་གྱི་སྟོབས་ཤུགས་ནུས་པ་ལེགས་པར་བཏོན་ཏེ་སྤྱི་ཚོགས་ཞི་མཐུན་ཡོང་བར་བྱེད་དགོས་པ། བཅུ་གཉིས་ནས་གླེང་ཕྱོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་དགེ་མཚན་དང་། དྲང་ཕྱོགས། ལྕག་སྐུལ་བཅས་ལྡན་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཅིག་བཏོད་དེ་དཀྲོག་གཏམ་བཟོ་བ་དང་འགྲེམས་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ནན་པོ་གཏོང་དགོས་པ། བཅུ་གསུམ་ནས་འཕྲོད་བསྟེན་རིམས་འགོག་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ་གེགས་བར་ཆེ་མོའི་རྗེས་སུ་རིམས་ནད་ཆེན་པོ་མི་ཁྱབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།