རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་མགྱོགས་མྱུར་སྒྲུབ་འགོ་བཙུགས་པ།

| 2015-04-28 10:09:40

ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་སྟེ་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་དང་སྐྱིད་གྲོང་སོགས་སུ་ཡོམ་ཚོར་ཆེན་པོ་བྱུང་ཡོད། ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་དང་ཛ་དྲག་གི་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་དང་རང་ལྗོངས་ཀྱི་སྡེ་ཚན་ཁག་འཕྲལ་མར་བཀོད་སྒྲིག་བྱས་ནས་ཡོམ་འགོག་གེགས་སེལ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད།

གནོད་འཚེ་བྱུང་རྗེས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚེས་25ཉིན་གྱི་ཆུ་ཚོད་23:40ཐོག་སླར་ཡང་ཛ་དྲག་ཚོགས་འདུ་འཚོགས་ཏེ་ས་ཡོམ་བརྒྱབ་རྗེས་ཀྱི་གཞུང་ལམ་གྱི་ཉེན་སེལ་ཤར་བགྲོད་འགན་ལེན་ལས་དོན་བཀོད་སྒྲིག་བྱས་པ་རེད། གཞུང་ལམ་གྱི་འཕྲལ་སྡོམ་ཉེན་སེལ་ཤར་བགྲོད་འགན་ལེན་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་དེའི་གཤམ་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་དང་། འགྲོ་ལམ་ཉེན་སེལ་ཚོགས་ཆུང་། སྐྱེལ་འདྲེན་འགན་ལེན་ཚོགས་ཆུང་། རྒྱབ་ཕྱོགས་འགན་ལེན་ཚོགས་ཆུང་བཅས་ཚོགས་ཆུང་བཞི་ཡོད་པ་དེས་འཕྲལ་སྡོམ་ཉེན་སེལ་ཤར་བགྲོད་འགན་ལེན་ལས་དོན་སྒྲིག་འཛུགས་ནུས་ལྡན་བྱས་པ་དང་། འཕྲལ་སྡོམ་སྔོན་ཇུས་གང་མགྱོགས་བཟོས་ནས་གཞུང་ལམ་དང་སྐྱེལ་འདྲེན་སོགས་འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲུའུ་ལ་ཆུ་ཚོད་24རིང་སྡོད་བྱ་བཟོས་ཏེ་ཉེན་སེལ་ཤར་བགྲོད་འགན་ལེན་དང་སྐྱེལ་འདྲེན་བྱེད་ནུས་འགན་ལེན་གྱི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་མི་ཤུགས་དང་། དངོས་པོ། འཕྲུལ་ཆས་བཅས་གནོད་འཚེ་ཕོག་ཁུལ་དུ་འཕྲལ་མར་དབོར་འདྲེན་ཐུབ་རྒྱུའི་འགན་ལེན་བྱས་པ། ཕྱོགས་མང་ལས་སྒྲུབ་ཀྱིས་གེགས་ཁུལ་གྱི་གནོད་འཚེ་ཕོག་པའི་མ་ལམ་ནུས་ཤུགས་ཡོད་རྒུས་ཤར་བགྲོད་ཐུབ་པ་བྱེད་པ་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་སྡེ་ཚན་ལ་གྲོང་གསེབ་ཀྱི་གཞུང་ལམ་མྱུར་བཟོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་སྡོམ་སྔོན་ཇུས་གང་མགྱོགས་བཟོས་པ་དང་ཚེས་26ཉིན་གྱི་ཞོགས་པ་ཆུ་ཚོད་7པར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་གཅིག་གིས་དཔུང་ཁག་གི་སྣེ་ཁྲིད་པའི་ཕྱི་བཅོས་དང་། རུས་ཚན། དབང་རྩའི་ཕྱི་ནད་ཚན་ཁག སྦྲིད་སྨན་ཚན་ཁག སྙིང་ཁམས་ཁྲག་རྩའི་ནད། མོ་ནད་བུ་བཙའི་ཚན་ཁག བྱིས་ནད་ཚན་ཁག བརྟག་བཤེར། སྒྲ་རླབས། སྨན་སོགས་ཀྱི་ཆེད་ལས་ཡིན་པའི་སྨན་བཅོས་གནོད་སྐྱོབ་མི་སྣ་40ལྷག་ཙམ་དང་གཤགས་བཅོས་དང་། བརྟག་བཤེར། གློག་པར། སྨན་བཅོས། གློག་འདོན་སོགས་ཐད་ཀྱི་ཆེད་སྤྱོད་སྨན་བཅོས་རོགས་སྐྱོབ་རླངས་འཁོར་10ལས་གྲུབ་པའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྐོར་སྐྱོད་སྨན་བཅོས་རོགས་སྐྱོབ་རུ་ཁག་མངགས་པ་དང་འཕྲུལ་ཆས་དང་སྨན་སོགས་འབོར་ཆེན་འཁྱེར་ནས་རྡོག་ཐོན་གྱིས་གཞིས་རྩེའི་གནོད་འཚེ་ཕོག་པའི་ས་ཁུལ་དུ་སྨན་བཅོས་རོགས་སྐྱོབ་ལས་དོན་སྒྲུབ་པར་བསྐྱོད་པ་རེད།

རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་པ་དང་དུས་མཚུངས་ཡུལ་སྐོར་ཚོགས་པའི་བདེ་འཇགས་དང་ཡུལ་སྐོར་བའི་ལུས་སྲོག་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཚེས་26ཉིན་ཡུལ་སྐོར་ལས་དོན་ཁང་ཁག་ལ་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་རྫོང་དང་། དིང་རི་རྫོང་། སྐྱིད་གྲོང་རྫོང་། ཇོ་མོ་གླང་མའི་སྒར་ས་ཆེ་མོ་སོགས་གཙོ་གནད་ས་ཁོངས་ཀྱི་ཡུལ་སྐོར་ཚོགས་པའི་འགྲོ་སྐྱོད་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱས་ནས་དུས་ཐོག་ཏུ་གོང་རིམ་ལ་སྙན་སེང་ཞུ་དགོས་པ་དང་། ས་གནས་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ས་ཁོངས་དེའི་ནང་ཡོད་པའི་ཚོགས་པའི་ཡུལ་སྐོར་བ་བདེ་འཇགས་ས་ཁོངས་སུ་སྤོས་ཏེ་རྨས་སྐྱོན་ཕོག་པའི་ཡུལ་སྐོར་བར་སྨན་བཅོས་དང་སེམས་གསོའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ཛ་དྲག་གི་བརྡ་ཐོ་བཏང་བ་རེད།

གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ནེ་པ་ལར་ས་ཡོམ་བརྒྱབ་རྗེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་གང་མྱུར་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་ཁོངས་གཏོགས་ཁུལ་གྱི་གློག་དྲའི་བདེ་འཇགས་འཁོར་སྐྱོད་གནས་ཚུལ་ལ་གྲལ་བཤེར་བྱས་པ་རེད། མིག་སྔའི་བར་གློག་དྲ་ཁྱབ་པའི་ས་ཁོངས་སུ་རྒྱུན་གཏན་གྱི་གློག་འདོན་རྒྱུན་འཁྱོངས་ཐུབ་ནས་མི་སྣ་དང་སྒྲིག་ཆས་ལ་སྐྱོན་བྱུང་མེད། ཚེས་26ཉིན་གྱི་ཆུ་ཚོད་22དང་སྐར་མ་10ཡི་ཐོག་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་མྱུར་བཟོའི་དཔུང་ཁག་དང་སྐྱིད་གྲོང་རྫོང་ཞིང་གློག་ཀུང་སིའི་ཐུན་མོང་འབད་བརྩོན་འོག་འགག་སྒོའི་གློག་ཁང་ནས་སྐྱིད་གྲོང་རྫོང་གྲོང་བར་གྱི་ཆན་ཧྥུའུ་35ཟིན་པའི་སྐྱོན་ཤོར་གློག་སྐུད་ཉམས་གསོ་བྱས་པར་བརྟེན་སྐྱིད་གྲོང་རྫོང་གྲོང་ལ་སླར་ཡང་གློག་གཏོང་ཐུབ་པ་བྱུང་བ་རེད།

ས་ཡོམ་གྱིས་ད་དུང་ཀྲུང་གོའི་གློག་འཕྲིན་བོད་ལྗོངས་གཞིས་རྩེ་སྐྱིད་གྲོང་འགག་སྒོ་དང་འགྲམ་འགག་སྒོའི་སྦྲེལ་ཚིགས་10ཡིས་ལས་སྒྲུབ་ཞབས་ཞུ་བྱེད་མི་ཐུབ་པར་གྱུར། ཀྲུང་གོའི་གློག་འཕྲིན་བོད་ལྗོངས་ཀུང་སིས་དེ་མ་ཉིད་དུ་རིམ་པ་དང་པོའི་འཕྲལ་སྡོམ་སྔོན་ཇུས་བཟོས་ནས་འཕྲལ་སྡོམ་བཀོད་འདོམས་འགོ་ཁྲིད་ཚོགས་ཆུང་དང་འགན་ལེན་ཚོགས་ཆུང་བཙུགས་ཤིང་། སྐར་མ་20ཡི་ནང་འཕྲལ་སྡོམ་ཉམས་གསོ་རུ་ཁག་སྒྲིག་འཛུགས་ཀྱིས་འཐབ་ཕྱོགས་དང་པོའི་མྱུར་གསོའི་ལས་དོན་བསྒྲུབ་པར་གཅིག་རྗེས་གཉིས་མཐུད་དུ་བསྐྱོད་ཡོད། ས་ཡོམ་བརྒྱབ་རྗེས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་མཐོང་ཧ་ཅང་ཆེན་པོ་བྱས་ཏེ《དཔུང་སྡེའི་འཕྲལ་སྡོམ་མ་དངུལ་གྱི་དགོས་མཁོ་སྐོང་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》དང《“4·25”ས་ཡོམ་གེགས་ཁུལ་གྱི་ཡོམ་འགོག་གེགས་སེལ་དང་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་བརྡ་ཐོ》སོགས་ཡིག་ཆར་སྔ་རྗེས་སུ་ཞིབ་འཇུག་བྱས་ཏེ་བཀྲམ་པ་མ་ཟད། གེགས་ཁུལ་གྱི་ཡོམ་འགོག་གེགས་སེལ་དང་དངུལ་རྩ་ཞབས་ཞུའི་ལས་དོན་མགྱོགས་མྱུར་བཀོད་སྒྲིག་བྱས་ཡོད། ཚེས་26ཉིན་གྱི་སྔ་དྲོ་ཞིང་ལས་དངུལ་ཁང་གཉའ་ལམ་ཉིང་ལག་དངུལ་ཁང་གིས་དེ་མ་ཉིད་དུ་ལག་ཐོག་དངུལ་རྩའི་ཞབས་ཞུ་ས་ཚིགས་བཙུགས་པ་དང་དངུལ་ཁང་གཞན་དག་གིས་ཀྱང་བྱེད་ཐབས་སྣ་ཚོགས་སྤྱད་ནས་གེགས་ཁུལ་མང་ཚོགས་ལ་སྟབས་བདེ་གཏན་འཇགས་སམ་འཁོར་སྐྱོད་དངུལ་རྩ་སོགས་ཀྱི་ཞབས་འདེགས་ཞུས་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་གཞིས་རྩེ་མཐའ་སྲུང་ཉིང་ལག་རུ་ཁག་གིས་འཕྲལ་མར་རང་བྱུང་གནོད་འཚེའི་སྔོན་ཇུས་བཟོས་པ་དང་གནོད་སྐྱོབ་རུ་ཁག་བཙུགས་ནས་གེགས་ཁུལ་དུ་གནོད་སྐྱོབ་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་། ཚོང་དུད། ཡུལ་སྐོར་བ་སོགས་མངགས་གཏོང་ཁང་གི་ལུས་རྩལ་ཐང་དང་ཐང་སྟོང་དུ་སྤོས་པ་མ་ཟད། ཁོ་ཚོར་གུར་ཕུབ་ནས་འཚོ་བ་དང་སྨན་བཅོས་ཐད་འགན་ལེན་བྱས་པ་དང་སྦྲགས་རྫོང་གཉིས་ཀྱི་གེགས་སེལ་བཀོད་འདོམས་པུའུ་ལ་གཞོགས་འདེགས་བྱས་ནས་མི་སྣ་ཤི་རྨས་ཀྱི་བསྡོམས་རྩིས་དང་གེགས་རྗེས་སྐྱོབ་རོགས་ཧུར་ཐག་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།