ཀྲུང་གོ་སྲིད་གཞུང་གིས་ཛ་དྲག་ངང་རོགས་སྐྱོབ་དངོས་ཟོག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ནེ་པ་ལའི་གེགས་ཁུལ་དུ་གང་མགྱོགས་དབོར་རྒྱུ་ཡིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-27 11:25:48

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ཅིང་། ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་གསར་ཤོས་ནང་མི་1100ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་ཅེས་འཁོད་ཡོད། ནེ་པ་ལའི་ནང་བློན་ཁང་གིས་རྒྱལ་ས་ཀ་ཏ་མན་རྡུ་སོགས་ས་ཁུལ་29གནོད་འཚེ་ཕོག་ཚབས་ཆེ་བའི་ཁུལ་ལ་གྱུར་པ་མ་ཟད། སྟོབས་ཤུགས་ཡོད་ཚད་སྐུལ་སློང་བྱས་ཏེ་གེགས་ཁུལ་དུ་རོགས་སྐྱོབ་བྱེད་པའི་ལས་དོན་ནང་ཞུགས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ས་ཡོམ་ནང་ནེ་པ་ལར་ཡོད་པའི་ཀྲུང་གོའི་སྤྱི་དམངས་4རྐྱེན་ལམ་དུ་ཤོར་བ་དང་སྤྱི་དམངས་5ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅེས་བཤད་པ་རེད།

ནེ་པ་ལར་གྱོང་གུན་ཚབས་ཆེན་ཕོག་པ།

ས་གནས་དེ་གའི་དུས་ཚོད་ཉིན་དགུང་གི་ཆུ་ཚོད་12(པེ་ཅིང་གི་དུས་ཚོད་ཆུ་ཚོད་14ཙམ)ཙམ་ལ་ས་ཡོམ་བརྒྱབ་ཅིང་། ཡོམ་ལྟེ་ཀ་ཏ་མན་རྡུའི་ནུབ་བྱང་གི་སྤྱི་ལེ་80ཡི་སར་གནས་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་20ཡིན་པ་རེད།

ཀ་ཏ་མན་རྡུར་ཡོམ་ཚོར་དྲག་པོ་བྱུང་ནས་སྡོད་ཁང་མང་པོ་ཞིག་བརྡིབས་པ་དང་ལམ་ངོས་གས་ཁར་སོ་ཕག་དང་རྡོ་ཧྲུག་འབོར་ཆེན་གཞུང་ལམ་ཐོག་ཕུང་གསོག་ཐེབས་ཤིང་གྱོན་གོས་དང་འཚོ་བའི་མཁོ་ཆས་དེའི་ཁྲོད་ཐོར་ཡོད་པ་རེད།

ས་ཡོམ་དྲག་པོས་ནེ་པ་ལའི་རིག་གནས་གནའ་ཤུལ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཅིང་། ཀ་ཏ་མན་རྡུ་གྲོང་ཁྱེར་དབུས་ཀྱི་རྒྱལ་པོའི་ཕོ་བྲང་རྙིང་པའི་གྱང་ལོག་པ་དང་། སྐད་གྲགས་ཡོད་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཏུའུ་པ་ཐང་ཆེན་གྱི་སྐྲུན་དངོས་གསུམ་ཆ་གཉིས་བརྡིབས་ཏེ་རྒྱང་ནས་བལྟས་ཚེ་ཐང་ཆེན་ཆ་ཚང་ཞིག་རོར་འགྱུར་བ་ལྟར་སྣང་། དེ་མིན་གྲོང་ཁྱེར་དབུས་ཀྱི་ཀ་ཏ་མན་རྡུའི་ས་ཁམས་མཚོན་རྟགས་ཀྱི་སྐྲུན་དངོས་ཀྱི་གྲས་ཤིག་ཡིན་པ་དང་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་མཆོད་རྟེན་པི་མུའུ་སེན(མཆོད་རྟེན་ཏ་ལ་ཧ་ལ)ས་ཡོམ་རྒྱག་སྐབས་རྦད་དེ་བརྡིབས་པ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཐོང་བྱུང་། འཚོལ་སྐྱོབ་ནང་ཞུགས་མཁན་ཉེན་རྟོག་ཕྱོགས་ཀྱི་མི་སྣས་ཞིག་རོའི་འོག་ནས་ཉུང་མཐར་ཡང་རྐྱེན་ལམ་དུ་ཤོར་བའི་ཕུང་པོ་བརྒྱ་ལྷག་ཙམ་རྙེད་ཡོད་ཅེས་བཤད་པ་རེད།

ས་ཡོམ་བརྒྱབ་པའི་དབང་གིས་ད་དུང་ནེ་པ་ལའི་རྒྱལ་སྤྱིའི་གནམ་གྲུ་ཐང་འབའ་ཞིག་སྟེ། ཀ་ཏ་མན་རྡུ་གནམ་ཐང་གནས་སྐབས་ཉིན་ཕྱེད་རིང་གནམ་གྲུ་འཕུར་མཚམས་བཞག་པས་འགྲུལ་པ་མང་པོ་ཞིག་གནམ་གྲུ་ཐང་དུ་ལུས་ཡོད་པ་རེད།

དེ་མིན་ས་ཡོམ་རྒྱག་སྐབས་ནེ་པ་ལའི་མངའ་ཁོངས་ནང་གི་རི་བོ་ཧི་མ་ལ་ཡའི་ལྷོ་འདབས་ཀྱི་རི་འཛེག་སྒར་སར་གངས་རྡིབ་བརྒྱབ་ནས་སྒར་ས་ཁག་གཅིག་གངས་རྡིབ་འོག་ཚུད་ཡོད་པ་རེད། ནེ་པ་ལའི་ནང་སྲིད་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རི་འཛེག་མཁན་100ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཉུང་མཐར་ཡང་མི་8རྐྱེན་ལམ་དུ་ཤོར་བ་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་བས་མང་དུ་འགྲོ་སྲིད། མིག་སྔར་ནེ་པ་ལའི་རི་འཛེག་མཐུན་ཚོགས་ཀྱིས་རོགས་སྐྱོབ་བྱེད་བཞིན་ཡོད་པ་རེད།

དེ་ཉིན་ནེ་པ་ལ་སྲིད་གཞུང་གིས་ཡོམ་འགོག་གེགས་སེལ་གྱི་ཛ་དྲག་ཚོགས་འདུ་འཚོགས་ནས་ནང་སྲིད་པུའི་མངའ་འོག་གི་རྒྱལ་ཁབ་ཛ་དྲག་བྱ་སྤྱོད་ལྟེ་གནས་ཀྱིས་གནོད་འཚེ་ཕོག་ཚབས་ཆེ་ཁུལ་ཛ་དྲག་གི་གནས་སུ་གྱར་བའི་ཁྱབ་བསྒྲགས་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།

ནེ་པ་ལར་ཡོད་པའི་ཀྲུང་གོའི་སྤྱི་དམངས་4རྐྱེན་ལམ་དུ་ཤོར་བ།

ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་ཁྲེང་ཅི་ཡིས། མིག་སྔར་ནེ་པ་ལར་ཡོད་པའི་ཀྲུང་གོའི་སྤྱི་དམངས་4ས་ཡོམ་དྲག་པོའི་ནང་རྐྱེན་ལམ་དུ་ཤོར་ཞིང་། དེའི་ནང་ནེ་ཀྲུང་མཐའ་མཚམས་སྐྱིད་གྲོང་འགག་སྒོར་ལས་ཀ་བྱེད་བཞིན་པའི་ཀྲུང་གོའི་ཀུང་སིའི་ལས་མི་གཉིས་དང་། ཡུལ་སྐོར་བ་གཅིག རི་འཛེག་རུ་མི་གཅིག་བཅས་ཚུད་ཡོད་པ་དང་ཀྲུང་གོའི་སྤྱི་དམངས་5ལ་རྨས་སྐྱོན་ཚབས་ཆེན་ཕོག་ཚུལ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་གསུངས་པ་རེད།

ས་ཡོམ་དྲག་པོས་མཐའ་འཁོར་རྒྱལ་ཁབ་ལ་ཡོམ་ཐེབས་པ།

ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་ཀྲུང་གོའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དང་གཉའ་ནང་རྫོང་སོགས་ཉེ་འགྲམ་ས་ཁུལ་ལ་ཡོམ་ཚོར་ཆེན་པོ་བྱུང་ནས་ཁང་པ་བརྡིབས་པའི་གནས་ཚུལ་ཐོན་ཞིང་། མིག་སྔར་མི་12རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་ཞིག་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད། མིག་སྔར་ས་གནས་དེས་འཕྲལ་སྡོམ་སྔོན་འགོད་ཇུས་གཞི་ལག་བསྟར་བྱེད་འགོ་བཙུགས་ཏེ་སྡེ་ཚན་ཁག་གི་འགན་འཁུར་བ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གནོད་འཚེའི་གནས་ཚུལ་བསྡོམས་རྩིས་དང་རོགས་སྐྱོབ་ལས་དོན་སྤེལ་ཡོད། དེ་མིན་རྒྱལ་ལམ་318འགྲམ་འགག་སྒོར་སྐྱོད་སའི་གཞུང་ལམ་འགག་པའི་གནས་ཚུལ་ཐོན་པ་དང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་སྡེ་ཚན་གྱིས་མི་དང་རླངས་འཁོར་སྒྲིག་འཛུགས་བྱས་ཏེ་ཛ་དྲག་ངང་གནོད་འཚེ་ཕོག་པའི་ལམ་དུམ་དུ་བསྐྱོད་ནས་གཞུང་ལམ་ཤར་གཏོང་གི་ལས་དོན་སྤེལ་ཡོད་པ་རེད།

ནེ་པ་ལ་དང་ས་མཚམས་འབྲེལ་བའི་རྒྱ་གར་ཤར་རྒྱུད་ཀྱི་པི་ཧའར་མངའ་སྡེ་སོགས་ལའང་ཡོམ་ཆེན་པོ་ཐེབས་ནས་མིག་སྔར་ཉུང་མཐར་ཡང་མི་34རྐྱེན་ལམ་དུ་ཤོར་བ་དང་མི་100ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་རྒྱ་གར་གྱི་མཁའ་དམག་ལ་བཀའ་སྒུག་ནས་སྡོད་པ་དང་ནེ་པ་ལ་དང་རྒྱ་གར་རྒྱལ་ནང་གི་གེགས་སེལ་བྱ་སྤྱོད་ནང་ཞུགས་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་རེད། གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་མཁའ་དམག་གི་གེགས་སེལ་དངོས་ཟོག་བླུགས་པའི་སྐྱེལ་འདྲེན་གནམ་གྲུ་གཉིས་ནེ་པ་ལའི་གེགས་ཁུལ་དུ་བསྐྱོད་ཡོད་པ་རེད།

ས་ཡོམ་དྲག་པོས་ད་དུང་བྷང་ག་ལར་ཡོམ་ཐེབས་ནས་ས་གནས་དེ་གའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། ས་ཡོམ་གྱི་རྐྱེན་པས་བྷང་ག་ལའི་རྒྱལ་ས་ཏ་ཁ་གྲོང་ཁྱེར་དང་བྷང་ག་ལའི་མངའ་ཁོངས་ནང་གི་གྲོང་ཁྱེར་གཞན་དག་ཁག་གཅིག་གི་སྐྲུན་དངོས་ལ་སེར་ཀ་གས་ཡོད་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེ་ཡིས་ནེ་པ་ལའི་ས་ཡོམ་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོབ་ལས་དོན་སྐོར་ལ་གཏམ་བཤད་སྤེལ་ནས་ཀྲུང་གོ་སྲིད་གཞུང་གིས་ཛ་དྲག་ངང་རོགས་སྐྱོབ་དངོས་ཟོག་གྲ་སྒྲིག་བྱེད་བཞིན་ཡོད་པ་དེ་ནེ་པ་ལའི་གེགས་ཁུལ་དུ་གང་མགྱོགས་དབོར་རྒྱུ་རེད་ཅེས་གསུངས་པ་རེད།

ཧུང་ལེ་ཡིས། ཚེས་25ཉིན་གྱི་ཕྱི་དྲོ་ནེ་པ་ལར་ས་ཡོམ་དྲག་པོ་བརྒྱབ་ནས་ད་བར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་རྒྱུ་ནོར་ཐད་གྱོང་གུན་ཚབས་ཆེན་ཕོག་ཡོད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་ལའང་ས་ཡོམ་གྱི་ཡོམ་ཐེབས་ཡོད་ཅེས་གསུངས་པ་རེད།

ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལའི་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱེད་པ་དང་དེའི་ཐད་ཐུགས་ཁུར་དང་གདུང་སེམས་མཉམ་སྐྱེ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་དང་། ཙུང་ལི་ལི་ཁེ་ཆང་། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱེ་བཅས་ཀྱིས་ནེ་པ་ལའི་ཙུང་ཐུང་ཡ་ཏ་ཕུར་དང་ཙུང་ལི་ཁེ་དབྱེ་ལ་ལ། ཕྱི་འབྲེལ་པུའུ་ཀྲང་ཕན་ཏེ་བཅས་ལ་འཚམས་འདྲིའི་གློག་འཕྲིན་བཏང་ནས་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་མཁན་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་སྐྱོན་ཕོག་མཁན་ལ་ལྷག་བསལ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུས་ཡོད། ཀྲུང་གོ་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག་སང་ཉིན་སྔ་པོ་ནས་ནེ་པ་ལར་གེགས་རྗེས་རོགས་སྐྱོབ་ལས་དོན་སྤེལ་བར་རྡོག་ཐོན་བྱ་རྒྱུ་རེད། ཀྲུང་གོ་སྲིད་གཞུང་གིས་ཛ་དྲག་ངང་རོགས་སྐྱོབ་དངོས་ཟོག་གྲ་སྒྲིག་བྱེད་བཞིན་ཡོད་པ་དེ་ནེ་པ་ལའི་གེགས་ཁུལ་དུ་གང་མགྱོགས་དབོར་རྒྱུ་རེད་ཅེས་གསུངས་པ་རེད།

ཁོང་གིས། ད་ཐེངས་ཀྱི་ས་ཡོམ་ནང་རྒྱ་གར་དང་། བྷང་ག་ལ། འབྲུག་ཡུལ་སོགས་རྒྱལ་ཁབ་ལའང་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཐེབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་ཡོད། ཀྲུང་གོ་སྲིད་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་མ་ཟད། ནུས་པས་གང་ལྕོགས་ཀྱི་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ཧུང་ལེ་ཡིས་ཕྱི་འབྲེལ་པུའུ་དང་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཛ་དྲག་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ཏེ་ནེ་པ་ལར་རྨས་སྐྱོན་ཕོག་པ་དང་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་སྤྱི་དམངས་ལ་ཛ་དྲག་རོགས་སྐྱོབ་དང་རྗེས་མཇུག་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་པ་མ་ཟད། ཀྲུང་གོས་ནེ་པ་ལར་ཛ་དྲག་གེགས་སེལ་དང་རོགས་སྐྱོབ་ལས་དོན་སྤེལ་རྒྱུའི་མཐུན་སྦྱོར་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།