བོད་ལྗོངས་ཀྱི་གནོད་འཚེ་ཕོག་ཁུལ་ཁག་གིས་ཛ་དྲག་ངང་རང་སྐྱོབ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-27 11:22:16

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལའི་ས་ཡོམ་ཆེན་པོ་ལས་རང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་དང་སྐྱིད་གྲོང་རྫོང་དུ་ཁང་རྡིབ་མི་ཤིའི་གནས་ཚུལ་ཐོན་ཞིང་། མིག་སྔར་བོད་ཀྱི་གནོད་འཚེ་ཕོག་ཁུལ་ཁག་གིས་རང་སྐྱོབ་ཧུར་ཐག་བྱས་ནས་དྲག་ཆས་ཉེན་རྟོག་མེ་ཟོན་རུ་ཁག་དང་དྲག་ཆས་ཉེན་རྟོག་ཉིང་ལག་རུ་ཁག་སོགས་གནོད་འཚེ་ཕོག་ཁུལ་དུ་རོགས་སྣོན་དུ་ཛ་དྲག་ངང་སྐྱོད་བཞིན་ཡོད་པ་རེད།

གསར་འགོད་པས་གནོད་འཚེ་ཕོག་ཁུལ་དུ་སྐྱོད་མཁན་གྱི་འགན་འཁུར་བར་ཁ་པར་ཐོག་ནས་འབྲེལ་གཏུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་གསལ། དིང་རི་རྫོང་ཁོངས་སུ་གངས་ཆེན་བབས་པས་བགྲོད་ལམ་ཤར་གཏོང་ཐུབ་ཀྱང་མྱུར་ཚད་ཅུང་འགོར་ཞིང་ལམ་དུམ་བུ་དེ་ནི་གནོད་འཚེ་ཕོག་ཁུལ་རྫོང་གཉིས་སུ་སྐྱོད་པར་ངེས་པར་དུ་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་ཡིན། གནོད་འཚེ་ཕོག་ཁུལ་དུ་སྐྱོད་མཁན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁག་དང་པོ་གཞིས་རྩེ་གྲོང་ཁྱེར་ནས་ལམ་དུ་ཆས་ཏེ་སྤྱི་ལེ་ཁ་ཤས་བསྐྱོད་རྗེས་གངས་ཆར་བབས་པ་རེད།

སྐྱིད་གྲོང་མཐའ་སྲུང་རུ་ཆེན་གྱི་སུའོ་ཀྲང་ལི་ཆིང་ཡོན་གྱིས་གསར་འགོད་པར་སྐྱིད་གྲོང་རྫོང་སྲིད་གཞུང་དང་། མཐའ་བཤེར་ས་ཚིགས། མཐའ་སྲུང་མངགས་གཏོང་ཁང་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གིས་མང་ཚོགས་ཚོར་གནས་སྐབས་གུར་ཕུབ་པ་མ་ཟད། རིན་མེད་བཟའ་བཅའ་དང་སྨན་རྫས་ཀྱང་སྤྲད་ཡོད་ཅེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲམ་འགག་སྒོར་སྐྱོད་སའི་རྒྱལ་ལམ་318ལ་ས་ཡོམ་གྱི་གནོད་སྐྱོན་ཐེབས་ནས་ཆད་པ་དང་། གཉའ་ལམ་རྫོང་འགྲམ་གྲོང་རྡལ་དུ་བཅའ་སྡོད་བྱེད་མཁན་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་རུ་འབྲིང་བཅུ་པས་མང་ཚོགས་200བདེ་འཇགས་ངང་གནས་སྤོ་བྱས་ནས་ད་ཆ་སྒར་ཁུལ་དུ་བཀོད་སྒྲིག་བྱས་ཡོད་པ་རེད།

གནོད་འཚེ་ཕོག་རྗེས་སྐྱིད་གྲོང་གྲོང་རྡལ་དུ་བཅའ་སྡོད་བྱེད་མཁན་སྤྱི་བདེ་མཐའ་སྲུང་དཔུང་སྡེའི་དཔོན་དམག་ཡོངས་འཕྲལ་དུ་ཉེན་སྐྱོབ་གེགས་སེལ་ལས་དོན་ནང་ཞུགས་ནས་སྤྱི་ལེ་བཅུ་ལྷག་ཙམ་གྱིས་ཆོད་པའི་རྡོ་སྦུག་གྲོང་ཚོ་དང་ཅང་གྲོང་གསར་སོགས་གནོད་འཚེ་ཕོག་ཁུལ་ཚབས་ཆེན་ཁག་ཏུ་བསྐྱོད་དེ་རོགས་སྐྱོབ་བྱས་ཤིང་། རི་ཟུར་ཟམ་ཁར་མཐའ་བཤེར་ས་ཚིགས་ལྟ་སྲུང་རུ་འབྲིང་དང་། རིམས་ནད་ཞིབ་བཤེར། འགག་སྒོ་བཅས་ཀྱི་ལས་དོན་པ་དང་མཐའ་མཚམས་ཀྱི་མང་ཚོགས་སོགས་ད་དུང་མི་མང་པོ་ལུས་ཡོད་པ་མ་ཟད། ཁོང་ཚོ་དང་འབྲེལ་གཏུག་བྱེད་མི་ཐུབ་པའི་གནས་ཚུལ་དངོས་ལ་དམིགས་ནས་མཐའ་སྲུང་ས་ཚིགས་ཀྱིས་མི་སྣ་བཀོད་སྒྲིག་གིས་སྲུང་སྐར་ཁ་པར་སོགས་འཕྲིན་གཏོང་སྒྲིག་ཆས་ཁྱེར་ནས་རྐང་ཐང་མར་དེ་གར་བསྐྱོད་དེ་ཁོངས་གཏོགས་ཀྱི་སྤྱི་འགན་མི་སྣ་དང་མཐའ་མཚམས་མང་ཚོགས་157ཚང་མ་བཀོད་སྒྲིག་འོས་འཚམ་བྱས་པ་རེད།

མིག་སྔར་སྐྱིད་གྲོང་རྫོང་གིས་གྲོང་རྡལ་དེའི་མི་ཚང་མ་ཁོད་ཡངས་བདེ་འཇགས་ཁུལ་དུ་གཅིག་གྱུར་ཐོག་སྤོས་ཡོད་ལ་དཔུང་སྡེའི་དཔོན་དམག་དང་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་དེར་སྐོར་གཡེང་བྱས་ནས་རྒྱུན་མཐུད་བདེ་འཇགས་བརྟན་ལྷིང་ཡོང་རྒྱུའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

གཞིས་རྩེ་མེ་ཟོན་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་ཡིན་པའི་བཅོ་ལྔས་ངོ་སྤྲོད་བྱས་པར་གཞིགས་ན། རོགས་སྐྱོབ་སྟོབས་ཤུགས་ཁག་དང་པོ་དེ་རུ་གཉིས་སུ་དབྱེ་ནས་གཉའ་ལམ་ཕྱོགས་སུ་མི་60དང་སྐྱིད་གྲོང་ཕྱོགས་སུ་མི་30གནོད་འཚེ་ཕོག་ཁུལ་དུ་སྐྱོད་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།