བོད་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་འབྲི་བས་རྒྱལ་ཁབ་ཕྱི་ནང་གི་ཐང་གའི་མངགས་ཐོ་དང་ལེན་བྱེད་འགོ་བཙུགས་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2015-04-13 10:31:35

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་འབྲི་བའི་ཐང་ག་སྤུས་ལེགས་དགོན་སྡེ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་བཤམས་པ་མ་ཟད་ད་དུང་སྒྱུ་རྩལ་དངོས་རྫས་ཉར་ཚགས་ཁྲོམ་རར་སྐྱོད་འགོ་ཚུགས་ཏེ་མངགས་ཐོའི་ཐོག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།

ཚེས་10ཉིན་བོད་ཀྱི་རིམ་པ་དང་པོའི་ལྷ་འབྲི་བའི་ཐང་ག་མཉམ་འགྲེམས་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་པ་དང་མཉམ་འགྲེམས་ནང་ཞུགས་མཁན་བོད་ཀྱི་རིམ་པ་དང་པོའི་ལྷ་འབྲི་བ་17གྱིས་ཐང་ག་དེ་སྒྱུ་རྩལ་དངོས་རྫས་ཉར་ཚགས་ཁྲོམ་རའི་ནང་ཞུགས་པ་དང་བསྟུན་ནས་ཐང་ག་སྤུས་ལེགས་ཕྱིར་ཚོང་བྱེད་པ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་ཐང་གར་དགའ་པོ་བྱེད་མཁན་གྱི་མངགས་ཐོ་དང་ལེན་བྱེད་འདོད་ཡོད་ཅེས་བཤད་པ་རེད།

1984ལོར་སྐྱེས་པའི་བོད་ཀྱི་རིམ་པ་དང་པོའི་ལྷ་འབྲི་བ་བསོད་ནམས་ཀྱིས་ལོ་9ནས་ཐང་ག་འབྲི་སྟངས་སྦྱངས་པ་དང་ཁོང་གིས་དུས་ཡུན་ལོ་གཅིག་ནང་བཞེངས་པའི་སྨན་ཐང་ལུགས་ཀྱི་ཐང་ག《སྒྲོལ་དཀར》ཞེས་པ་དེར་ཁྲོམ་རར་རིན་གོང་སྒོར་ཁྲི་30ཙམ་ཞུགས་ཀྱི་ཡོད་པ་རེད། “ཐང་གའི་རིན་གོང་དེ་གཙོ་བོ་ཐང་གའི་རི་མོ་རྒྱས་མིན་དང་སྒྱུ་རྩལ་རང་བཞིན་ལ་རག་ལས་ཡོད། མཐའ་རིས་དང་། རི་མོ། ཚོན་མདོག་སོགས་ནས་ཐང་གའི་རིན་གོང་གཏན་འཁེལ་གྱི་ཡོད། རྒྱལ་ཁབ་ཕྱི་ནང་གི་མངགས་ཉོ་བས་སྐུ་གང་ཞིག་བཞེངས་མིན་གསལ་པོ་བཤད་རྗེས་ང་ཚོས་གཞི་ནས་བཞེངས་ཀྱི་ཡོད”ཅེས་བསོད་ནམས་ཀྱིས་བཤད་པ་རེད།

བོད་ཀྱི་རིམ་པ་དང་པོའི་ལྷ་འབྲི་བ་ལྷ་སའི་ཐང་ག་འཚེམ་དྲུབ་མའི་རྒྱུན་འཛིན་པ་ནོར་བུས་ལོ་ཕྱེད་ནང་བཞེངས་པའི《དཔལ་ལྡན་ལྷ་མོ》ཞེས་པའི་ཐང་ག་དེ་བཞེངས་སྐབས་རྒྱུ་ཆ་སྤུས་དག་སྤྱད་པ་མ་ཟད་ལོ་རྒྱུས་ངེས་ཅན་ལྡན་པའི་གོས་ཆེན་རྙིང་པས་བཞེངས་པ་དང་བྱུ་རུ་སོགས་ནོར་བུ་རྩ་ཆེན་གྱིས་བརྒྱན་པས་ཁྲོམ་རའི་རིན་གོང་སྒོར་ཁྲི་བརྒྱ་ཡན་ཟིན་གྱི་ཡོད་པ་རེད། “ངས་བཞེངས་པའི་འཚེམ་དྲུབ་མའི་ཐང་ག་མང་ཆེ་བ་དགོན་སྡེས་ཉར་ཚགས་བྱས་པ་དང་ད་དུང་ཁག་གཅིག་ཕྱིར་ཚོང་བྱས་པ་དེ་དག་གི་རིན་གོང་སྒོར་སྟོང་ཕྲག་ཁ་ཤས་ནས་སྒོར་ཁྲི་བཅུ་ཕྲག་ཁ་ཤས་བར་རེད”ཅེས་ནོར་བུས་བཤད་པ་རེད།

བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་འགན་འཁུར་བ་ངག་དབང་བསྟན་འཛིན་གྱིས“2010ལོ་ནས་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཅིག་རྗེས་གཉིས་མཐུད་ངང་རིམ་པ་དང་པོའི་ལྷ་འབྲི་བ་17དང་། རིམ་པ་གཉིས་པའི་ལྷ་འབྲི་བ་20 ལྷ་འབྲི་བ་29བཅས་གོ་མིང་གནང་བ་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཕྱི་ནང་དུ་ཐང་གར་དགའ་པོ་བྱེད་མཁན་ཇེ་མང་དུ་སོང་བས་བོད་ཀྱིས་ན་ནིང་ནས་བཟུང་ལུགས་ཁག་གི་ཐང་ག་རྩ་ཆེན་གྱི་འགྲེམས་སྟོན་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་སྤེལ་བས་ས་གནས་དེ་གའི་ལྷ་འབྲི་བ་རྩེ་གྲའི་སྐད་གྲགས་ཆོད་ཚད་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས་ནས་བཤད།

“ད་ལྟ་ཐང་གའི་ཁྲོམ་ར་ཚད་ལྡན་དེ་ཙམ་མེད་པ་དང་མང་པོས་འུད་སྒྲོག་བྱས་པ་དེ་སྒྱུ་རྩལ་དང་ཐད་ཀའི་འབྲེལ་བ་མེད”ཅེས་བོད་ཀྱི་རི་མོ་མཁས་ཅན་ཡུས་ཡེའུ་ཤིན་གྱིས་བཤད། ཁོང་གིས་ཐང་ག་ཅིག་གི་རིན་གོང་ལ་ལྟ་བར་དང་ཐོག་ལྷ་འབྲི་བས་སྲོལ་རྒྱུན་གྱི་ཐིག་ཚད་ཁོང་དུ་ཆུད་མེད་ལ་ལྟ་དགོས་པ་སྟེ། 《ལྷ་སྐུ་བཞེངས་པའི་ཐིག་རྩ་ཡི་གེ》དང་མཐུན་མིན་ལ་ལྟ་དགོས། དུས་མཚུངས་ཆོས་ལུགས་ཀྱི་སྒྱུ་རྩལ་ཞིག་ཡིན་པའི་ཐང་ག་ནི་ལས་རིམ་ཞིབ་ཚགས་ཁོ་ན་ལས་དེའི་རིན་ཐང་གཏན་འཁེལ་བྱེད་མི་རུང་བར་སྒྱུ་རྩལ་མཛེས་དཔྱོད་སོགས་ནས་བསམ་གཞིག་བྱེད་པར་སྣང་ཆེན་བྱེད་དགོས་ཞེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།