ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་མང་བའི་དུས་ཤར་བ།

| 2015-04-02 10:05:58

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ལྷ་སར་གནམ་གཤིས་དྲོ་རུ་སོང་བ་དང་བསྟུན་ནས་ཡུལ་སྐོར་བ་རིམ་བཞིན་མང་དུ་སོང་བས་ཕོ་བྲང་པོ་ཏ་ལའི་ལས་དོན་པའང་རིམ་གྱིས་བྲེལ་འཚུབ་ཆེ་རུ་ཕྱིན་ཞིང་། ཁོང་ཚོས་ལོ་གསར་པའི་ཡུལ་སྐོར་དུས་ཚིགས་ད་ལྟ་ཤར་མ་ཐག་ཡིན་པ་དང་དབྱར་ཁ་ཡུལ་སྐོར་བ་མང་ཤོས་སྐབས་ཁོང་ཚོ་ཞོགས་པའི་ཆུ་ཚོད་7པ་ཙམ་ནས་ལས་ཀ་བྱེད་དགོས་པ་དང་དགོང་མོའི་ཆུ་ཚོད་7པར་གཞི་ནས་ལས་ཐག་གཅོད་ཀྱི་ཡོད་ཅེས་བཤད་བྱུང་།

“མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལོ་ལྟར་བོད་ལ་ཡོང་མཁན་ཡུལ་སྐོར་བ་མང་དུ་མངོན་གསལ་དོད་པོ་ཕྱིན་པ་དང་ལྷག་པར་དུ་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བྱེད་མཁན་རྒྱུན་ཆད་རྒྱུ་མེད། ན་ནིང་ཁོ་ནར་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་83ཙམ་ཟིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའི་ཁྲུའུ་ཀྲང་ཉི་མ་བསྟན་འཛིན་གྱིས་དེ་ལྟར་ངོ་སྤྲོད་བྱས་བྱུང་།

སྤྱི་ལོའི་དུས་རབས་7པར་སྐྲུན་འགོ་ཚུགས་པའི་ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཆ་ཚང་ཤོས་ཀྱི་གནའ་བོའི་ཕོ་བྲང་གི་སྐྲུན་དངོས་དང་ཕོ་བྲང་ནང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་རིག་དངོས་ཉར་ཚགས་བྱས་ཡོད།

ཉི་མ་བསྟན་འཛིན་གྱིས་དུས་ཡུན་རིང་པོའི་ནང་ང་ཚོའི་རྒྱལ་ཁབ་ཀྱིས་ཕོ་བྲང་པོ་ཏ་ལའི་སྲུང་སྐྱོབ་ལས་དོན་ལ་མཐོང་ཆེན་པོ་གནང་ནས་ཉམས་གསོ་ཆེན་པོ་ཐེངས་གཉིས་གནང་བ་སྟེ། ཐེངས་དང་པོ་ནི་1989ལོ་ནས་འགོ་ཚུགས་ཏེ་དུས་ཡུན་ལོ་གསུམ་བྱས་པ་དང་མི་དམངས་ཤོག་སྒོར་ཁྲི་3000ལྷག་ཙམ་བཏང་བའི་ཁར་དུས་མཇུག་ཏུ་ཁ་སྣོན་བརྒྱབ་པའི་ལས་གྲྭ་བསྡོམས་ན་ཉམས་གསོ་ཧྲིལ་པོར་སྒོར་ཁྲི་5000བཏང་ཡོད་པ་དང་ཉམས་གསོ་དེ་ཨར་སྐྲུན་གྱི་སྒྲོམ་གཞི་གཙོ་བོར་དམིགས་པ་ཞིག་ཡིན་པས་ཕོ་བྲང་པོ་ཏ་ལར་སྲུང་སྐྱོབ་ཡག་པོ་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

ཐེངས་གཉིས་པ་ནི་2002ལོའི་ཟླ་6པ་ནས་འགོ་ཚུགས་པ་དང་2009ལོའི་ཟླ་9པར་སྒྲོམ་གཞི་གཙོ་བོའི་ཉམས་གསོའི་ལས་གྲྭ་ལས་མཇུག་འགྲིལ་ཡོད། 2012ལོའི་ཞོར་སྣོན་ལས་གྲྭ་ལས་མཇུག་འགྲིལ་བ་དང་ཁྱོན་སྒོར་དུང་ཕྱུར་2བཏང་བ་དེ་ནི་བོད་ཀྱི་ཉམས་གསོའི་ལས་གྲྭ་ཆེ་ཤོས་གསུམ་གྱི་གྲས་ཤིག་ཡིན་པ་རེད། ཐེངས་འདིར་ཕོ་བྲང་པོ་ཏ་ལའི་སྒྲོམ་གཞི་གཙོ་བོའི་ལྡེབས་རིས་དང་། ཤིང་ཆ། ཨར་ཀ་བཅག་པའི་ས་ངོས་བཅས་ལ་ཁྱོན་ཡོངས་ནས་ཉམས་གསོ་ཐེངས་ཤིག་བྱས་ཡོད།

“ཉམས་གསོ་ཐེངས་གཉིས་བྱས་པ་བརྒྱུད་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་ཧྲིལ་པོ་ཁྱོན་ཡོངས་ནས་སྲུང་སྐྱོབ་ཐུབ་པ་མ་ཟད། གནད་དོན་ཆེན་པོ་ཁག་གཅིག་ཀྱང་རྦད་དེ་ཐག་གཅོད་ཐུབ་ཡོད”ཅེས་ཉི་མ་བསྟན་འཛིན་གྱིས་གསུངས་པ་དང་ཁོང་གིས་ད་ཆ་ཕོ་བྲང་པོ་ཏ་ལའི་རྒྱུན་གཏན་གྱི་སྲུང་སྐྱོབ་ལས་འགན་ཡང་ཧ་ཅང་ལྕི་པོ་ཡིན་པ་དང་དོ་དམ་ཁྲུའུ་ལ་ཆེད་མངགས་སྲུང་སྐྱོབ་ཀྱི་འགན་འཁུར་མཁན་གཞུང་དོན་ཁང་ཞིག་ཡོད་པར་ལས་མི་ལྔ་དྲུག་ཙམ་ཡོད་པའི་ནང་ལག་རྩལ་པ་དང་། ཤིང་བཟོ་བ། ཚོན་པ། རྡོ་བཟོ་བ་བཅས་ཚུད་པ་དང་དོ་དམ་ཁྲུའུ་ཡིས་ལོ་ལྟར་ཆེད་དངུལ་སྒོར་ཁྲི་600ཙམ་བཏང་སྟེ་ཕོ་བྲང་པོ་ཏ་ལར་རྒྱུན་གཏན་གྱི་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།

ཕོ་བྲང་པོ་ཏ་ལའི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་ཆེད་མིག་སྔར་ཉིན་ལྟར་ལྟ་སྐོར་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་5000ཙམ་དུ་ཚོད་འཛིན་བྱས་ཡོད། ཡུལ་སྐོར་བ་མང་བའི་དུས་དང་ལྷག་པར་དུ་ཟླ་7པ་དང་8པར་མི་ཐེངས་མང་དུ་གཏོང་རྒྱུ་ཡིན་པ་རེད། ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་ཐོག་ནས་སྤ་སེ་སྔོན་མངགས་བྱས་ན་གཞི་ནས་ནང་དུ་འཛུལ་ཆོག་གི་ཡོད། ན་ནིང་ནས་བཟུང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་དྲ་ཐོག་ནས་སྤ་སེ་འཚོང་འགོ་ཚུགས་པ་དང་ཡུལ་སྐོར་བས་ལྷ་སར་མ་སླེབས་གོང་དྲ་ཐོག་ནས་སྤ་སེ་སྔོན་མངགས་བྱེད་ཆོག་གི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།