བོད་ཀྱི་ཞིང་འབྲོག་པའི་ངལ་རྩོལ་གན་རྒྱ་འཇོག་ཚད་92.4%ཟིན་པ།

| 2015-04-02 10:05:09

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་2014ལོའི་ལོ་མཇུག་བར་བོད་ཀྱི་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་གླ་ཆའི་མཉམ་སྡེབ་གན་རྒྱ་ཡོངས་ཁྱབ་ངང་བཞག་པ་དང་བོད་ཀྱི་ཞིང་འབྲོག་པའི་ངལ་རྩོལ་གན་རྒྱ་འཇོག་ཚད་92.4%ཟིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཐེར་འདོན་གོང་ཞུ་དང་ཞུ་གཏུག་གྱོད་གཞི་ཁྱོན་1025བདག་སྤྲོད་བྱས་པ་དང་། ངལ་རྩོལ་པའི་གླ་ཆ་སོགས་ཐོབ་ཐང་སྒོར་ཁྲི་5397.6འདེད་ལེན་བྱས་པ། སྤྱི་ཚོགས་འགན་བཅོལ་འགྲོ་གྲོན་སྒོར་ཁྲི་604.03འཇལ་རྒྱུའི་སྐུལ་འདེབས་བྱས་པ། ངལ་རྩོལ་རྩོད་གཞིའི་རིགས་ཀྱི་ཐོལ་བྱུང་དོན་རྐྱེན་92ཐག་གཅོད་བྱས་པ་དེ་དངུལ་འབོར་སྒོར་ཁྲི་1973.4དང་འབྲེལ་བ་ཡོད་པ་བཅས་རེད།

2014ལོར་བོད་ཀྱི་རིམ་ཁག་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྒྲིག་གཞིས་མི་སྤྱོད་ཚན་པ་ཁྱོན་21944ལ་ཞིབ་བཤེར་བྱས་ནས་ངལ་རྩོལ་གན་རྒྱ་9176ཁ་གསབ་བྱ་རྒྱུའི་སྐུལ་འདེབས་བྱས་པ་དང་། གླ་ཆ་དང་དེ་བཞིན་སྐྱིན་གསབ་དངུལ་སྒོར་ཁྲི་1889.58སྤྲོད་རྒྱུའི་བཀའ་བཏང་བ། ངལ་རྩོལ་མི་དོན་རྩོད་གཞིའི་གྱོད་གཞི་1225བདག་སྤྲོད་བྱས་པ་དེ་དངུལ་འབོར་སྒོར་ཁྲི་9230དང་འབྲེལ་བ་ཡོད་པ་དང་གྱོད་ཐག་གཅོད་ཚད་98%ཡན་ཟིན་པ་བཅས་རེད།

“མིག་སྔར་གྲོང་ཁྱེར་དུ་ལས་ཀ་བྱེད་པར་འགྲོ་རྒྱུ་དེ་གཞོན་ནུ་ཞིང་འབྲོག་པ་མི་ཉུང་བ་ཞིག་གི་གདམ་ག་དང་པོར་གྱུར་ཡོད་པས་ཁོང་ཚོའི་ལས་ཀ་བྱེད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་མིག་སྔར་ང་ཚོར་འཕྲད་པའི་ལས་དོན་གལ་ཆེན་དེ་ཡིན”ཞེས་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་མ་ཞང་ཚུན་གྱིས་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ངལ་རྩོལ་རྩོད་གཞི་གྲལ་བཤེར་དང་འདུམ་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ལས་ཀ་བྱེད་པའི་ཁེ་དབང་སྲུང་སྐྱོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

མིག་སྔར་བོད་དུ་ཁེ་ལས་ཆེ་གྲས་200ལྷག་ཙམ་གྱིས་འདུམ་སྒྲིག་དང་ཁྲུན་གཅོད་ཨུ་ལྷན་བཙུགས་ཤིང་། ཁེ་ལས་ཀྱི་འདུམ་སྒྲིག་རྩ་འཛུགས་སྒྲིག་གཞི་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁེ་ལས་ལ་སྔོན་འགོག་དང་འདུམ་སྒྲིག་ལས་དོན་སྤེལ་རྒྱུར་སྐུལ་འདེད་དང་། མཛུབ་ཁྲིད། དཔེ་སྟོན་བཅས་བྱས་ཏེ་ལྷ་ས་དང་། གཞིས་རྩེ། ཆབ་མདོ། ཉིང་ཁྲི་སོགས་ས་ཁུལ་དང་གྲོང་ཁྱེར་དུ་ངལ་རྩོལ་མི་དོན་ཁྲུན་གཅོད་ཁང་བཙུགས་ཐོག་ངལ་རྩོལ་མི་དོན་རྩོད་གཞིའི་འདུམ་སྒྲིག་དང་ཁྲུན་གཅོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།