2014ལོའི་ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་སྒྲིལ་གླེང་།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-01 10:52:41

བདེ་ཐང་ནི་བདེ་སྐྱིད་ཀྱི་རྨང་གཞི་ཡིན་ཞིང་། 2014ལོར་ཆབ་མདོ་གྲོང་ཁྱེར་བུ་བཙའ་འཕྲོད་བསྟེན་སྡེ་ཚན་གྱིས་ཇུས་ཤུགས་མཉམ་འདོན་གྱིས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ཆེད་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་། འཆར་ལྡན་བུ་བཙའ་དང་ལེགས་བཙའ་ལེགས་གསོའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྒྲིག་གཞིའི་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་སྤེལ་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཁྲི་76གི་གཟུགས་གཞི་བདེ་ཐང་ཐད་འགན་ལེན་ཡག་པོ་ཐུབ་ཡོད།

སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནད་གཞི་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།

2014ལོར་ཆབ་མདོ་གྲོང་ཁྱེར་གྱིས《གཞུང་བཙུགས་སྨན་ཁང་སྒྱུར་བཅོས་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་མཛུབ་ཁྲིད་བསམ་འཆར》སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་གྲོང་ཁྱེར་དེ་ཡོངས་སུ“ཡག་པོ་གསུམ་དང་བློ་ཡིད་ཚིམ་པ་གཅིག”གི་བྱེད་སྒོ་སྤེལ་བ་རེད། རིམ་ཁག་སྨན་བཅོས་སྒྲིག་གཞིས་སྔར་ལས་ལྷག་པའི་ངང་སྨན་ཁང་གི་ལག་རྩལ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དང་གྲོང་ཁྱེར་སྨན་རྩིས་ཁང་ལ་རང་སྐྱོང་ལྗོངས་རིམ་པའི“དུས་བདེའི་སྨན་ཁང”གི་མཚན་སྙན་སྤྲད་པ་དང་འབྲེལ་སྒོ་བྱང་བཀལ་ཡོད་པ་རེད། ལྷོ་རོང་རྫོང་གིས་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་རིམ་གཉིས་སྨན་ཁང་བཙུགས་པ་དང་། སྨན་བཅོས་ཞབས་ཞུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟེ་བའི་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་པ་བརྒྱུད་ཞབས་འདེགས་ཞུ་ནུས་ཆེ་རུ་དང་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་ལྟེ་བའི་ཁྲག་ཚིགས་ལས་དོན་ལ་ཤུགས་སྣོན་ཐེབས་ཡོད།

ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རྒྱུན་མཐུད་ངང་ཁྱོན་ཡོངས་ལ་ཁྱབ་པ་དང་། སྲིད་གཞུང་གི་ཁ་གསབ་ཚད་གཞི་མི་རེར་ཆ་སྙོམས་སྒོར་380བར་མཐོ་རུ་བཏང་བས་མ་དངུལ་གྲབས་གསོག་བྱེད་ཚད་97%ཡན་ཟིན་པ་དང་མཐོ་ཤོས་སུ་རྩིས་ཞུ་ཐུབ་པའི་དངུལ་གྲངས་སྒོར་ཁྲི་6ཟིན་གྱི་ཡོད། ནད་གཞི་ལྕི་རིགས་22དང་དམིགས་བསལ་སྒོ་བསྟེན་ནད་རིགས་20ཞིང་འབྲོག་ཁུལ་གྱི་སྨན་བཅོས་ཀྱི་ནད་གཞི་ལྕི་རིགས་འགན་སྲུང་གི་དཀར་ཆག་ནང་བཅུག་ཡོད་པ་རེད། ཞིང་འབྲོག་པའི་རྩིས་ཞུ་ཆོག་པའི་སྨན་བཅོས་གྲོན་དངུལ་སྒོར་དུང་ཕྱུར་1.92ཟིན་པས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་ལེན་ཆུ་ཚད་སྔར་ལས་ལྷག་པའི་ངང་མཐོ་རུ་ཕྱིན་ཡོད།

གྲོང་ཁྱེར་དེ་ཡོངས་ཀྱི་ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གིས་མུ་མཐུད་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་ལམ་ལུགས་ལག་ལེན་བསྟར་བས་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིས་གཞི་རྩའི་སྨན་རྫས་བེད་སྤྱོད་བྱེད་ཚད་70%ཡན་ཟིན་པ་དང་མི་དམངས་མང་ཚོགས་ཚོའི་སྨན་རིན་སྔར་བས་དམའ་རུ་ཕྱིན་ཡོད། གཞི་རྩའི་སྨན་རྫས་གཅིག་སྡུད་འོས་སྐུལ་འོས་དཔོད་ངང་ཉོ་སྒྲུབ་བྱེད་རྒྱུ་བདེ་བླག་བྱུང་བ་དང་འབྲེལ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་དུས་ཐོག་ཏུ་གཏོང་སྐྱེལ་ཐུབ་པས་མི་དམངས་མང་ཚོགས་ཚོས་བདེ་འཇགས་ལྡན་ལ་དུས་ཐོག་ཏུ་སྨན་རྫས་སྤྱོད་ཐུབ་པའི་འགན་ལེན་བྱུང་བ་རེད།

འཕྲོད་བསྟེན་ལག་རྩལ་མི་སྣར་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་ཐེབས་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་ཤང(གྲོང་རྡལ)138ཀྱི་མཁོ་ཆོད་སྨན་པའི་གསོ་སྦྱོང་འཆར་གཞི་བཟོས་ནས་དུས་ཐེངས་རེར་ཟླ་གཉིས་གཏན་འཁེལ་དང་འཕྲོད་བསྟེན་ལག་རྩལ་མི་སྣ་279གསོ་སྦྱོང་ནང་ཞུགས་པས་ཤང་གྲོང་འཕྲོད་བསྟེན་ཁང་གི་ཞབས་འདེགས་ཞུ་ནུས་ཆེ་རུ་དང་ཆུ་ཚད་མཐོ་རུ་ཕྱིན་ཡོད།

ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་བས་གཟུགས་གཞི་བདེ་ཐང་འགན་ལེན་ཐུབ་པ།

མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་མཁན་ཡག་པོ་ཞིག་བྱེད་པར་རྩེར་སོན་སྒྲིག་ཆས་དང་ལག་རྩལ་མཐོ་བའི་ཤེས་ལྡན་མི་སྣ་དགོས་ཀྱི་ཡོད། 2014ལོར་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་རྫོང་10ཡི་འཕྲོད་བསྟེན་ལྟ་སྐུལ་དོ་དམ་སུའོ་དང་། མྱུར་སྐྱོབ་ས་ཚིགས། ཡུལ་ནད་འགོག་བཅོས་སུའོ་བཅས་ཀྱི་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་དང་སྨན་རྩིས་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་གཙོ་བོ་ལེགས་འགྲུབ་ཟིན་པ། ཤང(གྲོང་རྡལ)111གི་འཕྲོད་བསྟེན་ཁང་སྐྲུན་འགོ་ཚུགས་པ་བཅས་ལས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད།

འཕྲོད་བསྟེན་དམངས་ཕན་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱིས་རེས་སྐོར་གསུམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་གཞི་བརྟག་དཔྱད་ལས་དོན་ལེགས་སྒྲུབ་བྱས་པ་དང་གཟུགས་གཞི་བརྟག་དཔྱད་བྱེད་མཁན་མི་གྲངས་685149དང་13947སོ་སོར་ཟིན་ཡོད། སྐྱ་གྲིབ་ཕོག་པའི་ནད་པ་410ལ་རིན་མེད་སྨན་བཅོས་བྱས་པ་དང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་226བརྟག་དཔྱད་གདམ་བཤེར་བྱས་པའི་ནང་157ལ་གཤགས་བཅོས་བྱས་ཡོད། དེ་དང་ཆབས་ཅིག《ཆབ་མདོ་གྲོང་ཁྱེར་གྱི་ལྷན་སྐྱེས་སྙིང་ནད་འགོག་བཅོས་ལས་དོན་གྱི་ཕུགས་ཕན་ལམ་སྲོལ》བཟོས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གདམ་བཤེར་རོགས་སྐྱོབ་བྱེད་རྒྱུ་དེ་གལ་ཆེའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་རྒྱུན་གཏན་ལས་དོན་ནང་བཅུག་ཡོད།

སྔོན་འགོག་ཚོད་འཛིན་བྱ་ཤུགས་ཆེ་རུ་བཏང་ནས་ནད་གཞི་ཐོན་ཉུང་དུ་བཏང་བ།

གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་པར་སྔོན་ཚུད་ནས་འཆར་གཞི་འདིང་བ་དང་སྔོན་འགོག་བྱ་རྒྱུ་གཙོ་གནད་དུ་འཛིན་པའི་ཁར་སྔོན་འགོག་དང་ཚོད་འཛིན་ཟུང་འབྲེལ་བྱེད་དགོས་ཀྱི་ཡོད། 2014ལོར་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་གྲུམ་བུ་ཚིགས་ཆེན་གྱི་ནད་དང་སྨྱོ་ནད་ཚབས་ཆེན་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་སྐབས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པ་14662དང་སྨྱོ་ནད་ཚབས་ཆེན་ཕོག་པ་718ཡོད་པ་རྩད་ཆོད་པའི་ཁར་དེ་དག་ཚང་མར་གློག་རྡུལ་ཡིག་ཚགས་བཟོས་ཏེ་འགོག་བཅོས་ལས་དོན་སྤེལ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད། རྫོང་5ཡི་བྱི་ནད་ཐོན་སར་ལྟ་ཞིབ་ཚད་ལེན་བྱས་པས་ཆབ་མདོར་ལོ་28རིང་བྱི་ནད་ཐོན་མྱོང་མེད། གྲོང་ཁྱེར་ཡོངས་སུ་འགོ་ནད་ཕོག་ཚད་མི་ཁྲི་10ཡི་ནང་190ཟིན་པ་དེ་ལྗོངས་ཡོངས་ཀྱི་སྤྱིའི་ནད་ཕོག་ཚད་ལས་དམའ་བ་ཡོད། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་སྤེལ་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་ཞིང་འབྲོག་མང་ཚོགས་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་སོང་ཡོད།

ལེགས་བཙའ་ལེགས་གསོ་ནི་བདེ་ཐང་འགན་ལེན་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། རི་བོ་ཆེ་རྫོང་གིས་ལེགས་བཙའ་ལེགས་གསོའི་ལག་རྩལ་ཞབས་ཞུའི་ཚོད་ལྟའི་ལས་དོན་སྤེལ་ཏེ་ཤང(གྲོང་རྡལ)10ཡི་ཁྱིམ་ཚང་8039དང་མི་49227ལ་མཐིལ་རྟོགས་བརྟག་དཔྱད་ཐོ་འགོད་བྱས་ནས་བཙའ་ལོ་རན་པའི་བུད་མེད་10774ལ་བདེ་ཐང་ཡིག་ཚགས་བཟོས་པ་དང་ལེགས་བཙའ་ལེགས་གསོའི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་50000སྤྲད་ཡོད། རིན་མེད་ངང་མངལ་མ་འཁོར་གོང་གི་ལེགས་བཙའ་ལེགས་གསོའི་ཞིབ་བཤེར་དང་དེ་བཞིན་དབང་སྐྱོན་ཕྲུ་གུ་སྐྱེ་བའི་སྔོན་འགོག་རྣམ་གྲངས་ལག་ལེན་བསྟར་ཏེ་ལོ་ཧྲིལ་པོར་རིན་མེད་ངང་བརྟག་དཔྱད་བྱེད་པའི་མངལ་མ་འཁོར་གོང་གི་ཕོ་མོའི་དམིགས་ཚད་མི་གྲངས་2097དང་དབང་སྐྱོན་ཕྲུ་གུ་སྐྱེ་རྒྱུ་སྔོན་འགོག་བྱེད་པའི་ཕོ་མོའི་མི་གྲངས་1200ཟིན་ཡོད། ལོ་ཧྲིལ་པོར་ལག་རྩལ་ཞབས་ཞུ་ཐེངས་37676བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་ཁྲི་20ལྷག་ཙམ་སྤྲད་པས་བཙའ་ལོ་རན་པའི་མང་ཚོགས་ཀྱི་ལེགས་བཙའི་འཕྲོད་སྦྱོར་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།