འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ཆེད་དྲང་ནུས་ཆེན་པོ་ཞིག་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།

ཀྲུང་གོའི་བོད་ཀྱི་གསརའགྱུར་དྲ་བ།

| 2015-01-17 12:14:18

རྫོགས་ལྡན་དུས་སུ་ཚོགས་འདུ་གཟབ་རྒྱས་ཚོགས། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཁྲོད་དུ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་དེ་རིང་གཟབ་རྒྱས་ངང་འགོ་ཚུགས། ཉིན་ལྔ་ཙམ་གྱི་ཚོགས་འདུའི་དུས་ཚོད་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་གྱི་བསམ་ཚུལ་འདི་གར་གཅིག་ཏུ་འདུས། བོད་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་བ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་ཆེ་མོ་འདི་གར་བཏིང་། ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་མཛེས་སྡུག་ལྡན་པའི་ལེའུ་རྩོམ་པའི་དུང་བརྡ་འདི་གར་བསྒྲགས། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ང་ཚོས་ཚོགས་འདུ་སྐོང་ཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

ད་ཐེངས་ཀྱི་ཚོགས་འདུ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།

ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང་། “བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཅས་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་དུང་བརྡའི་གསལ་སྒྲ་སྒྲོག་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ་དང་། སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་འབྲེལ་གྲོས་བསྡུར་ཡང་བྱ་རྒྱུ་སོགས་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་ནས་འབྱོར་ཕྱུག་བོད་ལྗོངས་དང་། ཞི་མཐུན་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་གྱི་འོད་སྟོང་འཕྲོ་བའི་བྱས་རྗེས་གཏོད་རྒྱུའི་ངོས་ནས་བརྗོད་ན་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་རྒྱུ་རེད།

འདས་མ་ཐག་པའི་2014ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་ཚུགས་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཀྱི་འགག་རྩའི་ལོ་ཞིག་ཡིན། འདས་ཟིན་པའི་ལོ་གཅིག་ལ་ཕྱི་མིག་ལྟ་སྐབས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་ལ་མཐུན་སྒྲིལ་དང་སྣེ་འཁྲིད་དེ་འབད་འབུངས་ཡར་བརྩོན་དང་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་རྔམ་བརྗིད་ལྡན་པའི་ངང་མདུན་སྐྱོད་བྱས་ཤིང་། མདུན་སྐྱོད་ཁྲོད་ཀྱི་བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་བྱ་གཞག་ནང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྗོངས་ཡོངས་སུ་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྣོད་བཅུད་ཁོར་ཡུག་བཟང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན། ཆོས་ལུགས་འཆམ་མཐུན་དང་ལམ་ལྷོངས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བཅས་ཀྱི་དུས་བབ་བཟང་པོ་ཞིག་ཐོན་ཡོད།

འདས་ཟིན་པའི་ལོ་གཅིག་ནི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དུས་བསྟུན་འཕེལ་རྒྱས་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་ནང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་སྟངས་འཛིན་ནན་པོ་བྱེད་པ། སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་འདུ་ཤེས་དེ་འགན་ནུས་སྒྲུབ་པའི་ལག་ལེན་དངོས་ཀྱི་འགོ་ནས་མཇུག་བར་ཁྱབ་པ་བཅས་བྱས་ནས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བློ་གཅིག་སེམས་གཅིག ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། “དྲུག་ལྡན་བོད་ལྗོངས”འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

ལོ་གཅིག་ནང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་བ་དང་། གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ། འགན་ནུས་བསྒྲུབ་རྒྱུ་ལས་འགན་ཨང་དང་པོ་ཡིན་པ་སེམས་ལ་བརྟན་པོར་ངེས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐུལ་བྱས་པ། ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་འཁུར་ཏེ་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བ། སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བཙུགས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐུལ་བྱས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་ནུས་སྒྲུབ་པའི་ཕན་འབྲས་ཆེ་རུ་བཏང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམིགས་བསལ་གྱི་ལམ་ལུགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་འཛིན་བྱེད་རིང་གསར་གཏོད་དང་། གསར་གཏོད་བྱེད་རིང་འཕེལ་རྒྱས་བཏང་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་ཁྲོད་མི་དམངས་སྲིད་གྲོས་ལ་མདུན་ལམ་ཆེན་པོ་ཡོད་པ་དང་བྱེད་རིན་ཆེན་པོ་ཡོད་པ་ལག་ལེན་དངོས་ལས་ར་སྤྲོད་བྱུང་ཡོད།

2015ལོ་ནི་རང་ལྗོངས་ཀྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་འགག་རྩའི་ལོ་ཞིག་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་འགོ་ཚུགས་ལོ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་གཉིས”པའི་འཆར་འགོད་ཆ་ཚང་ལས་མཇུག་སྒྲིལ་བའི་ལོ་ཞིག་ཀྱང་ཡིན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པས་སྒྱུར་བཅོས་གསར་གཏོད་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་དམིགས་ནས་འགན་ནུས་སྒྲུབ་པའི་ལོ་ཞིག་དེ་བས་ཀྱང་ཡིན་པས་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཁྲིམས་ལྟར་བོད་སྐྱོང་འཐབ་ཇུས་ལག་བསྟར་བྱེད་པའི་དུང་བརྡ་གསར་པ་བསྒྲགས་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རྒྱུན་རྣམ་གསར་པའི་འོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་དམིགས་ཚད་དང་ལས་འགན་གསལ་པོ་བཏོན་ཡོད། བསམ་ཕྱོགས་གསལ་པོ་དང་དམིགས་ཚད་ཁ་གསལ་བྱུང་ཡང་འགག་རྩ་དེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུར་ཐུག་ཡོད། ང་ཚོས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་ཞིག་ཆགས་པ་བྱེད་པ། ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པ། དུས་བསྟུན་མདུན་སྐྱོད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

མ་འོངས་པར་རྒྱང་ལྟ་བྱེད་སྐབས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་རེས་སྐོར་གསར་པའི་ཚ་རླབས་འཕྱུར་བ་དང“ཁྲིམས་སྐྱོང”དེ་2015ལོའི་ཡིད་དབང་འཕྲོག་ཤོས་ཀྱི་བརྗོད་དོན་གཙོ་བོར་འགྱུར་རྒྱུ་རེད། ང་ཚོས་ཁྲིམས་སྐྱོང་བོད་ལྗོངས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྲིམས་སྐྱོང་གི་བསམ་པ་དང་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཁྲིམས་ལྟར་བོད་སྐྱོང་དང་། ཁྲིམས་ལྟར་སྲིད་འཛིན། ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་བོད་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་གཅིག་འདོམས་ཏན་ཏིག་བྱེད་པ་བཅས་བྱས་ནས་ཁྲིམས་སྐྱོང་ལམ་བུའི་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ལ་སྐུལ་འདེད་གཏོང་དགོས།

བརྗིད་ཆེའི་དམིགས་ཚད་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས། དངོས་འཛིན་དངོས་སྒྲུབ་བྱ་རྒྱུར་དུས་ཀྱི་མི་མི་སྒུག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་འགན་ནུས་ནན་ཏན་ངང་སྒྲུབ་པ། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། སྒྱུར་འཕེལ་བརྟན་གསུམ་ལ་ཕན་པའི་སྟོབས་ཤུགས་མཐའ་དག་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་འོད་སྟོང་གསར་པ་སླར་ཡང་གཏོད་རྒྱུ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྣམ་པ་གསར་པ་མངོན་རྒྱུ་ང་ཚོར་ཡིད་ཆེས་ཡོད།

ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།