ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-14 09:02:19

ཟླ་1ཚེས་11ཉིན་དང་ཚེས་12ཉིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་གྱི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུ་སྐོང་ཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ནང་བསྟན་མཐུན་ཚོགས་ཀྱི་ལས་བྱེད་ལས་བཟོ་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་གསུང་བཤད་གནང་ཞིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ནང་བསྟན་མཐུན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི། རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་བསོད་ནམས་རིག་འཛིན་གྱིས་ཧྲུའུ་ཅི་ཁྲེན་ཆོན་གོའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།

ཁྲེན་ཆོན་གོའི་རྟེན་འབྲེལ་འཕྲིན་ཡིག་ནང་ད་ཕན་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཐུགས་ཁུར་དང་མཛུབ་ཁྲིད།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་དང་སྐུལ་འདེད་བཅས་ཀྱི་འོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་དབར་བློ་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་བྱས་ནས་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་སྐོར་གྱི་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་པ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཐོག་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱེད་པ། དད་ལྡན་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་ལ་མཐུན་སྒྲིལ་བྱེད་པ། བོད་བརྒྱུད་ནང་བསྟན་ཕྱི་ཕྱོགས་སུ་སྤེལ་རེས་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་ཡོན་ཚད་མཐོ་བའི་དགེ་འདུན་པ་གསོ་སྐྱོང་བྱེད་པ། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་པ་དང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་མཛུབ་སྟོན་གནང་ཡོད་པ་རེད།

ཁྲེན་ཆོན་གོས་རིམ་ཁག་ནང་བསྟན་མཐུན་ཚོགས་རྩ་འཛུགས་དང་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། ནང་བསྟན་ལས་རིགས་མི་སྣས་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུར་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། ཆོས་ལུགས་འཆམ་མཐུན་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན། མེས་རྒྱལ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་ལ་གཞིགས་ནས་སྤྱི་ཚོགས་རིང་ལུགས་བོད་གསར་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ནང་ཧུར་ཐག་ཞུགས་དགོས་པའི་ཐུགས་རེ་གནང་བ་སྟེ། གཅིག་ནས་ལངས་ཕྱོགས་བརྟན་པོ་དང་ཁ་ཕྱོགས་གསལ་པོའི་སྒོ་ནས་རྒྱུན་སྲིང་ལྷོད་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས་རྩ་དོན་གྱི་གནད་དོན་གལ་ཆེན་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་མཐའ་གཅིག་ཏུ་ཐུབ་པ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྤྱོད་དང་འཐབ་རྩོད་བྱས་ཏེ་བསམ་བློ་དང་། དམིགས་ཚད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་བསམ་ར་གག་མན་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། ཏང་གི་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་ཁག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ནང་བསྟན་ལས་རིགས་ཀྱི་མི་སྣ་སྒྲིག་འཛུགས་དང་སྣེ་ཁྲིད་དེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ནང་བསྟན་ལས་རིགས་ཀྱིས་འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་དང་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་འགྲེལ་བཤད་རྒྱག་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པ། གསུམ་ནས་ཁྲིད་སྟོན་ལ་ཤུགས་སྣོན་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་གྲྭ་བཙུན་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས། ནང་བསྟན་ལས་རིགས་མི་སྣར་འབྲེལ་བ་བྱེད་པའི་ཏང་དང་སྲིད་གཞུང་གི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་གསུང་སྒྲ་དང་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རྣམས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པ་དང་། ནང་བསྟན་ལས་རིགས་ཀྱི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་གོང་ཞུ་བྱེད་པ། དགོན་སྡེ་དང་གྲྭ་བཙུན་གྱི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་་ཐུགས་ཁུར་དང་དྲོ་སྐྱིད་ཏན་ཏིག་ཚོར་བ་དང་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཐུབ་པ་བྱེད་དགོས་པ། བཞི་ནས་དཔུང་ཁག་སྟོབས་ཆེར་གཏོང་བ་དང་བྱང་ཚད་མཐོ་རུ་བཏང་སྟེ་ནང་བསྟན་མཐུན་ཚོགས་རྩ་འཛུགས་ཀྱི་ཤུགས་རྐྱེན་ནུས་པ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དེ་རང་ངོས་འཛུགས་སྐྱོང་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་ལས་སྒོའི་སློབ་སྦྱོང་དང་ཚན་ཁག་གི་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དང་བཅའ་ཁྲིམས་ཤེས་ལ་ཆོས་ལུགས་དང་དོ་དམ་ཡང་ཤེས་པ་བྱས་ནས་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་ཇུས་འདོན་པ་དང་ལས་རོགས་པ་ཡག་པོ་ཞིག་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་བཅས་རེད།

སྐལ་བཟང་ཚེ་རིང་གིས་གསུང་བཤད་གནང་སྐབས་རིམ་ཁག་ནང་བསྟན་མཐུན་ཚོགས་རྩ་འཛུགས་དང་ལས་འཛིན་ལྷན་རྒྱས་ཀྱིས་ངེས་པར་དུ་དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག་ནང་བསྟན་མཐུན་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ནང་བསྟན་མཐུན་ཚོགས་རྩ་འཛུགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལེགས་ཆ་གང་ལེགས་སྤྱད་དེ་ཆོས་ལུགས་ཀྱི་འགལ་ཟླ་སེལ་བ་དང་། ཆོས་ལུགས་ཀྱི་འབྲེལ་བ་མཐུན་སྦྱོར། ཆོས་ལུགས་འཆམ་མཐུན་སྲུང་སྐྱོང་། ཞི་མཐུན་སྤྱི་ཚོགས་བསྐྲུན་པ་བཅས་དང་ལྷག་པར་དུ་རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱར་ཏན་ཏིག་གཞིགས་པ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བའི་ཐད་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འཕེལ་རིམ་གསར་པ་ཡོང་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཐད་ཕན་འབྲས་གསར་པ་ཐོན་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་པ་ཡོད་པ། ཁྲིམས་དང་ཁྲིམས་ཀྱི་ལམ་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་གསར་པ་ཡོད་པ་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ་དང་ཐོབ་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་གཅེས་སྤྲས་ལྡབ་འགྱུར་བྱས་ཐོག་སྤྱི་ཡོངས་ལ་ལྟ་རྟོགས་དང་། མཐུན་སྒྲིལ་ལ་སྣང་ཆེན། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་དོན་གཉེར་བཅས་རང་འཁྲིའི་ལས་འགན་དུ་བརྩིས་ནས་རང་ངོས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ནང་བསྟན་མཐུན་ཚོགས་ལས་དོན་གྱི་ནུས་པ་དང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ནང་བསྟན་མཐུན་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།

སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་འདུའི་ཐོག《ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ》གནང་བ་དང་། 2014ལོའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་བ་མ་ཟད། 2015ལོའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག《〈ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུའི〉སྐོར་གྱི་གྲོས་ཆོད》དང《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་ཏེ“བཟང་པོ་ལྔའི་གྲྭ་བཙུན”བརྩོན་ལེན་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་གྲོས་འགོའི་ཡི་གེར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།