བོད་ལྗོངས་ཀྱིས་གྲོང་གསེབ་བཅོས་སྐྱོང་མ་ལག་གསར་གཏོད་བྱས་པའི་སྐོར་གྱི་སྒྲིལ་གླེང་།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-04 09:45:54

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་མཛུབ་སྟོན་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པའི་ཁར་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་མཐོ་ཚད་ཐོག་ལངས་ཏེ་རང་ལྗོངས་ཀྱི་མིག་སྔའི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་གསལ་པོར་ཤེས་པར་བྱས་པ་དང་། མི་རྩ་བར་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་པ། གསོན་ཤུགས་འཕེལ་བར་བྱས་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་བ། བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། སློབ་ཆེན་ཐོན་པའི་གྲོང་དཔོན་དང་ཧྲུའུ་ཅི་དང་པོ་གྲོང་ཚོར་བཅའ་སྡོད་བྱེད་པ་དང་། ལས་བསྒྱུར་དམག་མིས་ཤང་དང་གྲོང་རྡལ་དུ་རྩ་བ་འཛུགས་པར་སྐྱོད་པ། “ཆ་སྒྲིག་གཉེན་འཚོལ”དང“གཉིས་ལྡན་དུད་སྦྲེལ”ལ་སོགས་པའི་གྲོང་གསེབ་བཅོས་སྐྱོང་གི་གསར་གཏོད་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ་མ་ཟད། ད་དུང་ཞི་མཐུན་ཇུས་ཆེན་ཁུར་ཐེག་དང་དམངས་འཚོ་ལེགས་སྐྱོང་གིས་གངས་ལྗོངས་ས་མཐོར་ཞི་མཐུན་དང་འཕེལ་རྒྱས་བྱུང་བའི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་རེད།

ཤེས་ལྡན་པའི་ཐོན་ཁུངས་གཞི་རིམ་དུ་གཏོང་རྒྱུར་སྔར་བས་སྐུལ་འདེད་དང་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་2008ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་ནས་ཤང་གྲོང་གཞུང་ལས་པ་ཁ་ཕྱོགས་གཏན་འཁེལ་གྱིས་བསྡུས་ནས་གྲོང་གསེབ་ཏུ་གཏོང་རྒྱུའི་གཏན་འབེབས་བྱས་ཏེ་སློབ་ཆེན་ཐོན་པའི“གྲོང་དཔོན”གྱི་ལས་དོན་གསར་གཏོད་བྱས་པ་དང་། 2012ལོར་ལྗོངས་ཡོངས་ཀྱི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་5339གྲོང་ཚོ(གྲོང་ལྷན)རུ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བྱེད་པར་བཏང་བ།

2014ལོར“ལས་སྒྱུར་དམག་མི་གཞི་རིམ་དུ་རྩ་བ་འཛུགས་པར་གཏོང་རྒྱུའི”འཆར་གཞི་ལག་བསྟར་བྱས་ནས་བོད་སྡོད་དཔུང་སྡེའི་ལས་སྒྱུར་དམག་མི་8000ཤང་གྲོང་གི་གཞུང་ལས་པའི་དཔུང་ཁག་ནང་བཅུག་པ་དེ་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་སྐྱེ་ལྡན་སྟོབས་ཤུགས་ཆེ་རུ་གཏོང་བའི་བྱ་སྤྱོད་གཞན་ཞིག་ཏུ་གྱུར་པ་ལ་སོགས།

སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་རྐང་འཛིན་སྟོབས་ཤུགས་དང་། ཏང་སྲིད་ལས་བྱེད་པའི་དཔུང་ཁག ལས་རིགས་ཁག་གི་ཕུལ་བྱུང་རྗེས་གྲབས་ཤེས་ལྡན་པ་བཅས་ཡིན་པའི་སློབ་ཆེན་ཐོན་པའི་གྲོང་དཔོན་དང་། ཧྲུའུ་ཅི་དང་པོ། ལས་སྒྱུར་དམག་མི་བཅས་ཀྱིས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། གསོན་ཤུགས་ལྡན་པ་དང་། བྱང་ཚད་ལེགས་པ། སྤྱང་གྲུང་དོད་པའི་ཁོང་ཚོས་གྲོང་ཚོའི(གྲོང་ལྷན)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་ནང་ཞུགས་ནས་གཞི་རིམ་གྱི་ཞིང་འབྲོག་ཁུལ་ལ་གསོན་ཤུགས་བསྣན་ཡོད་པ་མ་ཟད། ད་དུང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་ཚོགས་དུས་བབ་མུ་མཐུད་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཀྱང་ནུས་ལྡན་བཏང་ཡོད་པ་རེད།

པ་སངས་ནི་ལྷ་ས་གྲོང་ཨུད་རྩ་འཛུགས་པུས་སྟོད་ལུང་བདེ་ཆེན་རྫོང་དམར་ཤང་དམར་གྲོང་ཚོར་མངགས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡིན། རང་ཉིད་ཀྱིས་ལོ་མང་པོར་ཏང་གི་ལས་དོན་བསྒྲུབས་པའི་ཉམས་མྱོང་ལ་བརྟེན་ནས་གྲོང་ཚོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་དོན་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་བ་མ་ཟད་ད་དུང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་42ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་དང་རོགས་སྐྱོར་ཆ་སྒྲིག་བྱེད་རྒྱུའི་སྒྲིག་འཛུགས་བྱས་ནས་དམར་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་འགྱུར་བ་བྱས་ཡོད་པ་རེད།

ལས་དོན་ཁྲོད་ཧྲུའུ་ཅི་དང་པོ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན། ལས་སྒྱུར་དམག་མི་བཅས་ཀྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་རྒྱུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་གནས་གཞི་རྩར་བཟུང་ཞིང་སྒྲོབ་ཉམས་དོར་ཏེ་མང་ཚོགས་ཚོ་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱས་ནས་མང་ཚོགས་དང་འབྲེལ་གཏུག་བྱེད་ཁྲོད་བར་ཐག་ཉེ་རུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཁྲོད་བརྩེ་སེམས་ཟབ་ཏུ་བཏང་སྟེ་རིམ་གྱིས་ཞིང་འབྲོག་ཁུལ་དུ་མང་ཚོགས་ཀྱི་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ཡོད་པ་རེད།

ཆ་སྒྲིག་གཉེན་འཚོལ་བྱས་ནས་ལས་བྱེད་པ་དང་མང་ཚོགས་དབར་བར་ཐག་མེད་པར་བྱས་པ།

ཏང་ཡོན་ལས་བྱེད་པ་ཚོས་སོ་སོའི་ཉལ་ཆས་འཁྱེར་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཚོ་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱས་ཤིང་། མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོའི་ལོ་80ལྷག་ཙམ་ལ་སླེབས་པའི་རྒན་མོ་ཞིག་གིས“སྔོན་མའི་དམག་སྡེ་བཅོ་བརྒྱད་པའི་སྤྱོད་ཚུལ་ཡག་པོ་དེ་ཡང་བསྐྱར་དར་འདུག”ཅེས་བཤད་པ་རེད།

མང་ཚོགས་ཚོར་ཁ་གཏད་ན་གཞི་ནས་མང་ཚོགས་དམངས་ཀྱི་སེམས་པ་ཐོབ་ཐུབ།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་རང་ལྗོངས་ཀྱིས“འགོ་ཁྲིད་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་སྟབས་བདེ་སྐྲུན་པ། མི་དམངས་ལ་ཕན་པ་སྒྲུབ་པ་བཅས་ཀྱི་ལས་དོན་གྱི་ཁོར་ཡུག་ཧུར་ཐག་བཏོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་འབྲེལ་གཏུག་བྱ་ཡུལ་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་འབོད་སྣང་སྡེ་ཁུལ་དུ་ཕེབས་ནས་དབུལ་ཕོངས་དུད་ཚང་བཞི་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་བསྒྲིགས་ནས་འཚོ་བའི་གྲོན་དངུལ་སྒོར་700དང་འཚམས་འདྲིའི་དངུལ་སྒོར་10000ལྷག་ཙམ་སོ་སོས་བཏང་བ་མ་ཟད་རང་ཉིད་ཀྱི་འབྲེལ་གཏུག་བྱེད་སྟངས་རང་འགུལ་ངང་བཞག་ནས“གཉེན་གྲོགས”རྣམས་ལྷ་སའི་རང་ཁྱིམ་དུ་མགྲོན་པོར་འབོད་པ་རེད།

“བྱེད་སྒོ་སྤེལ་ཡུན་ཐུང་ཡང་གྲུབ་འབྲས་གཡུར་ཟ་ཐོབ་ཡོད”ཅེས་ལྗོངས་ཏང་ཨུད་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད་པ་རེད།

བྱེད་སྒོའི་ཁྲོད་རང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་54ཡིས་དབུལ་ཕོངས་མང་ཚོགས་245དང་ཆ་སྒྲིག་གཉེན་འཚོལ་དང་། མང་ཚོགས་མི་ཐེངས་654ལ་འཚམས་འདྲི་ཞུས་པ་དང་། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་5ལྷག་ཙམ་གྱིས་དབུལ་ཕོངས་ཞིང་འབྲོག་མང་ཚོགས་ཁྲི་1ལྷག་ཙམ་དང་ཆ་སྒྲིག་གཉེན་འཚོལ་བྱས་ནས་འཚམས་འདྲིའི་དངུལ་སྒོར་ཁྲི་781ལྷག་ཙམ་སྤྲད་དེ་མང་ཚོགས་ཚོར་བྱ་བ་དངོས་དང་བྱ་བ་ཡག་པོ་6339བསྒྲུབས་ཡོད་པ་རེད།

“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་ལས་དོན་སྤེལ་བར་གཡུར་ཟའི་འབྲས་བུ་ཐོབ་པ།

“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུ་དོ་དམ་ལས་དོན་སྤེལ་ཚུན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དགའ་བསུ་ཐོབ་ཡོད། མང་ཚོགས་མང་པོ་ཞིག་གིས“‘གཉིས་ལྡན་དུད་སྦྲེལ’གྱིས་བདེ་སྐྱིད་དང་བདེ་འཇགས་དང་སྦྲེལ་ནས་ང་ཚོའི་འཚོ་བར‘འགན་ལེན་གཉིས’བྱས་ཡོད”ཅེས་བཤད་པ་རེད།

—— དུད་སྦྲེལ་ཚན་པ་དབར་ཕན་ཚུན་འབྲེལ་གཏུག་བྱེད་པའི་ལེགས་ཆ་འདོན་སྤེལ་བྱས་པ་བརྒྱུད་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་འབྱུང་རྩ་ནས་བསལ་ཏེ་ཁྲོམ་གཞུང་ཆེ་ཆུང་དང་གྲོང་ཚོ་དང་དུད་ཚང་ཚང་མར་དོ་དམ་བྱེད་མཁན་ཡོད་པར་བྱས་པ། 2013ལོར་ལྗོངས་ཡོངས་སུ་ཉེས་དོན་གྱོད་གཞི་སྣ་ཚོགས་ཐོན་ཚད་33.54%དང་བདེ་འཇགས་གྱོད་གཞི་ཐོན་ཚད་11.46%ཉུང་དུ་ཕྱིན་ནས་མང་ཚོགས་ཚོས་སྤྱི་ཚོགས་བདེ་འཇགས་གནས་ཚུལ་ལ་བློ་ཡིད་ཚིམ་ཚད་98.67%ཟིན་ཡོད་པ་རེད།

—— “གཉིས་ལྡན་དུད་སྦྲེལ”གྱི་དུད་ཚང་དབར་ཕན་ཚུན་ཁག་ཐེག་གིས་ཡིད་རྟོན་འབོར་ཆུང་དངུལ་བུན་ཐོབ་པར་བྱེད་རྒྱུར་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་སྔར་བས་ཆེ་རུ་བཏང་བ། མིག་སྔའི་བར་ལྗོངས་ཡོངས་སུ་འབོར་ཆུང་དངུལ་བུན་གཏོང་ཐེངས་ཁྲི་2ལྷག་ཙམ་སྟེ་སྒོར་དུང་ཕྱུར་6.5ལྷག་ཙམ་བཏང་ནས་དཔལ་འབྱོར་མཉམ་ལས་རྩ་འཛུགས་དང་དཔལ་འབྱོར་དངོས་གཟུགས་2000ཙམ་བཙུགས་ཏེ་དུད་ཚང་ཁྲི་3ལྷག་ཙམ་དང་མང་ཚོགས་ཁྲི་15ལྷག་ཙམ་ལ་ཕྱུག་འགྱུར་སྐུལ་ཁྲིད་བྱས་པས་མང་ཚོགས་ཚོར་འབབ་འཕར་སྒོར་དུང་ཕྱུར་2ཙམ་བྱུང་ཡོད་པ་རེད།

—— ཕན་ཚུན་དབར་རོགས་རམ་མཛའ་བརྩེའི་སྲོལ་རྒྱུན་དར་སྤེལ་བཏང་བ་བརྒྱུད་ཁྱིམ་མཚེས་དབར་འོས་འགན་ལས་ཀ་བྱས་ཚད་མི་ཐེངས་ཁྲི་30ཙམ་དང་དབུལ་སྐྱོར་དང་། སློབ་རོགས། བདེ་སྡོད་ཁང་པ་འཛུགས་སྐྲུན་བཅས་ལ་རོགས་སྐྱོར་ཞལ་འདེབས་སྒོར་དུང་ཕྱུར་3རི་བ་ཙམ་བརྒྱབ་པ་དང་། མི་ཧྲེང་དང་། རྒན་རྒོན། ཉམས་ཞན། ནད་པ། གཞིས་སྟོངས་རྒན་འཁོགས། གཞིས་ལུས་བྱིས་པ་བཅས་མི་ཐེངས་ཁྲི་5ཙམ་ལ་རོགས་རམ་ལྟ་རྟོག་བྱས་པ་རེད།

མིག་སྔའི་བར་རང་ལྗོངས་ཀྱིས་དུད་སྦྲེལ་ཚན་པ་91369དབྱེ་ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་29796དང་ཞིང་འབྲོག་ཁུལ་དུ་61573ཡོད་ལ། གཉིས་སྦྲེལ་དུད་དཔོན་91369བདམས་པ་དེ་དག་དུད་ཚང་ཁྲི་85ལྷག་ཙམ་དང་མང་ཚོགས་ཁྲི་328ལྷག་ཙམ་དང་འབྲེལ་ནས“གཉིས་ལྡན་དུད་སྦྲེལ”ཞབས་ཞུ་ལས་དོན་གྱིས་ཡོངས་སུ་ཁྱབ་པར་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།