ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་རང་བྱུང་སོལ་རླངས་བེད་སྤྱོད་རིན་གོང་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་1.5བར་ཆག་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-03 12:14:50

133122_yis_1420172624199.jpg

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྒོ་རའི་ལས་བཟོའི་སྡོད་ཤག་ནང་གསར་དུ་བསྒར་བའི་དྲོད་རླངས་ལས་མི་རྣམས་ལ་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན་པ།

ཚེས་29ཉིན་ལྷ་ས་གྲོང་ཁྱེར་དྲོད་རླངས་མཁོ་འདོན་ལས་གྲྭའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གཏམ་བཟང་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། ལྷ་ས་གྲོང་ཁྱེར་གྱི་ཡུལ་མིས་རང་བྱུང་སོལ་རླངས་བེད་སྤྱོད་བྱེད་པའི་རིན་གོང་ལེགས་སྒྲིག་ཆེན་པོ་བྱས་ནས་ཚད་བཀག་ནང་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་1.5བར་བཅག་ཡོད་པ་རེད། དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལོ་ལྟར་རིན་མི་དགོས་པར་དྲོད་རླངས་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་300ནས་སྨི་རྒྱ་དཔངས་གྲུ་བཞི་600བར་མཐོ་རུ་བཏང་བ་རེད། ཡུལ་མིས་རང་བྱུང་སོལ་རླངས་བེད་སྤྱོད་བྱེད་ཚད་ལོ་ལྟར་སྨི་རྒྱ་དཔངས་གྲུ་བཞི་1500ལས་བརྒལ་ཚེ་ཁྲོམ་རའི་རིན་གོང་ལྟར་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་4.46བསྡུ་རྒྱུ་ཡིན་པ་རེད།

ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་དེ་2012ལོར་ལས་འགོ་བཙུགས་པ་དང་2013ལོར་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་དང་། 2014ལོར་ཚད་ལྡན་ཅན་དང་ཀུང་སི་ཅན་གྱི་གཉེར་སྐྱོང་ཐུབ་ཡོད་པ་རེད།

ད་ཆ་ལྷ་སའི་གྲོང་མི་དེ་བས་མང་བས་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་རང་བྱུང་སོལ་རླངས་སྤྱད་ནས་དྲོད་ལེན་པ་དང་ལྟོ་ཆས་བཟོ་ཡི་ཡོད། “བདེ་འཇགས་དང་། ཕན་ཆེ། སྟབས་བདེ”བཅས་འདུག་ཅེས་ཁྱིམ་དུ་རང་བྱུང་སོལ་རླངས་འཁྲིད་ཟིན་པའི་ལྷ་སའི་གྲོང་མིས་མྱོང་ཚོར་དེ་ལྟར་བརྗོད་ཀྱི་ཡོད།

གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གིས་སོལ་རླངས་བེད་སྤྱོད་རིན་གོང་དེ་ལྷ་སའི་ཡུལ་མིའི་འཁོས་ཀས་ཐེག་ནུས་ལ་བསམ་གཞིག་གང་ལེགས་ཀྱིས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ནོར་སྲིད་ཀྱིས་དེའི་ཐད་ལོ་ལྟར་ནོར་སྲིད་ཁ་གསབ་དངུལ་སྒོར་དུང་ཕྱུར་3.7བཏང་ནས་ཡུལ་མིའི་སོལ་རླངས་བེད་སྤྱོད་རིན་གོང་ལེགས་སྒྲིག་ཆེན་པོ་བྱས་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དུད་ཚང་རེས་ལོ་རེར་ཆ་སྙོམས་སོལ་རླངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་1500ནང་ཚུན་ལ་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་1.5ཡིན་པ་དང་དེ་ནི་ཉེ་འཁོར་ཞིང་ཆེན་དང་གྲོང་ཁྱེར་དང་བསྡུར་ན་རིན་གོང་དམའ་ཤོས་ཡིན་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཡུལ་མིའི་འཚོ་བའི་རང་བྱུང་སོལ་རླངས་སྤྱོད་པའི་རིན་གོང་དེ་གཤེར་གྱུར་སོལ་རླངས་དང་བསྡུར་ན་ལོ་ལྟར་དངུལ་སྒོར་ཁྲི་2700ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པ་དང་དུད་ཚང་རེས་ལོ་རེར་ཆ་སྙོམས་སྒོར་400ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད། གཞན་ཡང་དྲོད་རླངས་དང་སོལ་རླངས་མཁོ་འདོན་ཞབས་ཞུའི་ཐད་དྲ་རྒྱ་ཅན་གྱི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུ་དང་རང་འདེམས་དངུལ་འཇལ་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་འབྲེལ“96188”ཡི་སྤྱོད་མཁན་ཞབས་ཞུའི་ཆེད་སྤྱོད་ཁ་པར་ཨང་གྲངས་ཀྱི་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་དེ་2012ལོར་ལས་འགོ་བཙུགས་པ་ནས་བཟུང་འབར་རླངས་མདོང་ལམ་དྲ་བ་གཙོ་བོ་སྤྱི་ལེ་63དང་། འབར་རླངས་མདོང་ལམ་དྲ་བ་ཕལ་པ་སྤྱི་ལེ་256སྒོ་རའི་མདོང་ལམ་དྲ་བ་སྤྱི་ལེ་1200ལྷག་ཙམ་བཅས་བཏིང་ཡོད་པ་དང་། གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་འཆར་འགོད་ཁུལ་ནང་ཡུལ་མི་དུད་ཚང་བསྡོམས་འབོར་ཁྲི་10.7ལ་དྲོད་རླངས་མཁོ་འདོན་བྱས་པ་དང་ད་ཆ་ཡུལ་མིའི་ཁུལ་ཆུང་དང་ཚན་པའི་དྲོད་རླངས་མཁོ་འདོན་རྣམ་གྲངས་768དང་། དུད་ཚང་ཁྲི་10.52 སྨི་ངོས་གྲུ་ཁྲི་2136བཅས་ལེགས་གྲུབ་ཟིན་ནས་དྲོད་རླངས་མཁོ་འདོན་ཐུབ་ཚད་98%ཟིན་ཡོད། 2012ལོ་ནས་2014ལོའི་བར་སྔོན་དཔག་ལྟར་ན་མ་འཇོག་སྒོར་དུང་ཕྱུར་92.4ཙམ་བྱ་རྒྱུ་དང་སྔོན་དཔག་ལྟར་ན་མ་དངུལ་ལྷག་མ་སྒོར་དུང་ཕྱུར་7ཟིན་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་མི་མང་ཚོགས་ཚོར་སྤྲད་པའི་བརྟག་དཔྱད་དྲི་ཤོག་ཁྲི་10ཡི་ཁྲོད་བློ་ཡིད་ཚིམས་ཚད་དང་སྤྱིར་ན་བློ་ཡིད་ཚིམས་ཚད་95.7%ཟིན་གྱི་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། དེ་གོང་ལྷ་སའི་རང་བྱུང་སོལ་རླངས་ཀྱི་གནས་སྐབས་རིན་གོང་ཚད་གཞི་ནི་སྨི་རྒྱ་དཔངས་གྲུ་བཞི་240ནང་ཚུན་ལ་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་2ཡིན་པ་དང་། སྨི་རྒྱ་དཔངས་གྲུ་བཞི་241ནས་480བར་ནང་ཚུན་ལ་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་4.05ཡིན་པ། སྨི་རྒྱ་དཔངས་གྲུ་བཞི་480ཡན་ལ་སྨི་རྒྱ་དཔངས་གྲུ་བཞི་རེར་སྒོར་4.46ཡིན་པ། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་སྨི་རྒྱ་དཔངས་གྲུ་བཞི་300ནང་ཚུན་དུ་རིན་མེད་ངང་སྤྱོད་ཆོག་གི་ཡོད་པ་རེད། རང་བྱུང་སོལ་རླངས་སྤྱད་དེ་དྲོད་ལེན་པ་དང་ལྟོ་ཆས་བཟོ་བ་དེས་ཡུལ་མིའི་འཚོ་བའི་མ་གནས་དམའ་རུ་ཆེས་ཆེར་ཕྱིན་པ་མ་ཟད་སྟབས་བདེའང་བསྐྲུན་ཡོད།  

དགེ་རྒན་གྲོང་གསར་དུ་སྡོད་པའི་ཚེ་གཡང་གིས“གྲོང་ཁྱེར་དུ་སྤྱི་རྒྱ་10ཟིན་པའི་གཤེར་གྱུར་སོལ་རླངས་དབུགས་དམ་གཅིག་ལ་སྒོར་94བྱས་ནས་འཚོང་བར་རྩིས་ན་ཟླ་རེར་དབུགས་དམ་གཅིག་བརྗེ་དགོས་ཀྱི་འདུག ད་ཆ་ཟླ་བ་གསུམ་ལ་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་94ལས་འགྲོ་གི་མེད་པས་དེ་སྔོན་གྱི་རིན་གོང་རྩིས་རྒྱག་སྟངས་ལ་གཞིགས་ན་སྒོར་188ལས་དགོས་ཀྱི་མེད་པ་དང་ད་དུང་སྒོར་94གྲོན་ཆུང་ཐུབ་པས་དངོས་གནས་གྱོང་མི་འདུག”ཅེས་བཤད་བྱུང་།

ཁུན་ལུན་ནུས་རྒྱུ་བོད་ལྗོངས་ཚད་ཡོད་ཀུང་སི་ལྷ་ས་རང་བྱུང་སོལ་རླངས་ས་ཚུགས་ཀྱི་ལག་རྩལ་པ་མཱ་ཞའོ་ཀོང་གིས“རང་བྱུང་སོལ་རླངས་དེ་དག་ཚང་མ་གོར་མོ་ནས་ལྷ་སར་རླངས་འཁོར་ནང་དབོར་བ་ཤ་སྟག་ཡིན་པས་ལམ་ཐག་ཅུང་རིང་པོ་ཡོད། དགུན་དུས་གངས་ཆེན་པོ་བབས་ནས་རི་བརྒལ་མི་ཐུབ་པ་སོགས་ཀྱི་གནས་ཚུལ་མི་ཐོན་པ་བྱ་ཆེད་ལས་དོན་མི་སྣས་གོར་མོ་ནས་རང་བྱུང་སོལ་རླངས་རླངས་འཁོར་ནང་སྔ་སྣུར་དུ་ལྷ་སར་དབོར་གྱི་ཡོད”ཅེས་བཤད། རླངས་འཁོར་བཏང་ནས་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་མ་གནས་ཅུང་མཐོ་པོ་ཡོད་མོད། འོན་ཀྱང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་མ་གནས་གཏོང་བ་དང་། ནུས་རྒྱུ་འགན་ལེན། ལག་རྩལ་ཆ་རྐྱེན། མང་ཚོགས་ཀྱི་དགོས་མཁོ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་གིས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ཐད་རང་བྱུང་སོལ་རླངས་ཀྱི་དྲོད་མཁོ་འདོན་གཙོ་བོར་བྱེད་པ་དང་། སོལ་རླངས་དང་། གློག ཉི་འོད་བཅས་གསབ་རེས་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུ་བེད་སྤྱོད་གཏོང་སྟངས་སྤྱོད་རྒྱུའི་ཐག་བཅད་པ་དང་། དྲོད་རླངས་མཁོ་འདོན་དུས་ཚིགས་དེ་ཟླ་11པའི་ཟླ་དཀྱིལ་ནས་ཕྱི་ལོའི་ཟླ་3ཚེས་31བར་ཡིན་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།