རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་རྒྱབ་ལྗོངས་ལྟ་ཞིབ་ཚད་འཇལ་ས་ཚིགས་གནམ་མཚོར་བཙུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:17:04

བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་རྒྱབ་ལྗོངས་ལྟ་ཞིབ་ཚད་འཇལ་ས་ཚིགས་བོད་ལྗོངས་གནམ་མཚོའི་ས་ཚིགས་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ནས་ཚོད་ལྟའི་འཁོར་རྒྱུག་དུས་མཚམས་སུ་སླེབས་པ་དང་འབྲེལ་རྒྱལ་ཁབ་ཀྱི་གྲངས་གཞི་དང་དྲ་སྦྲེལ་ཐུབ་པ་རེད། ས་ཚིགས་དེས་PM2.5ཚུད་པའི་གྲངས་གཞི་མང་པོ་ཞིག་ལྟ་ཞིབ་ཚད་འཇལ་ཐུབ་པ་དང་དུས་མཚུངས་སྐར་མ་5རེའི་ནང་ཀྲུང་གོའི་ཁོར་ཡུག་ལྟ་ཞིབ་ཚད་འཇལ་སྤྱི་ཁྱབ་ས་ཚིགས་ལ་སྐབས་འཕྲལ་གྱི་གྲངས་གཞི་བརྒྱུད་སྐྱེལ་ཐུབ་ཀྱི་ཡོད་པ་རེད།

ལྗོངས་ཁོར་ཡུག་ལྟ་ཞིབ་ཚད་འཇལ་ལྟེ་གནས་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ཀྲང་ཧུའེ་ཕང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་རྒྱབ་ལྗོངས་ལྟ་ཞིབ་ཚད་འཇལ་ས་ཚིགས་གནམ་མཚོ་ས་ཚིགས་གནས་ཡུལ་གྱི་ས་ཁོངས་ནི་ས་མཐོའི་སྤང་ཐང་གི་སྣོད་བཅུད་མ་ལག་གི་དཔེ་མཚོན་ཞིག་ཡིན་ཞིང་། ལྟ་ཞིབ་ཚད་འཇལ་གྲངས་གཞི་གསོག་འཇོག་བྱས་པ་བརྒྱུད་ཁོར་ཡུག་འགྱུར་ལྡོག་སོང་བར་བརྟེན་ནས་ས་མཐོའི་སྤང་ཐང་སྣོད་བཅུད་མ་ལག་ལ་ཤུགས་རྐྱེན་ཐེབས་པའི་ཐད་ཞིབ་འཇུག་བྱ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།

བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་འཇམ་དཔལ་གྱིས“རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་རྒྱབ་ལྗོངས་ལྟ་ཞིབ་ཚད་འཇལ་ས་ཚིགས་གནམ་མཚོའི་ས་ཚིགས་བསྐྲུན་པ་དེས་མཚོ་བོད་ས་མཐོའི་ཁོངས་ཀྱི་གཞི་ཁྱོན་ཆེ་བའི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་རྒྱུ་དང་འབྲེལ་སྦགས་བཙོག་དངོས་པོ་གཙོ་བོ་ཐོན་པའི་ཁྱད་ཆོས་དང་འགྱུར་ལྡོག་ཆོས་ཉིད་ཁོང་དུ་ཆུད་ཐུབ་རྒྱུ་རེད”ཅེས་དང་། ཁོང་གིས“ས་ཚིགས་དེ་བསྐྲུན་ནས་རྒྱལ་ཁབ་ཁོར་ཡུག་དོ་དམ་ཐབས་ཇུས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་ཐུབ་རྒྱུ་རེད”ཅེས་བཤད་པ་རེད།

མིག་སྔར་རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོའི་རྒྱབ་ལྗོངས་ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱིས་བོད་ལྗོངས་དང་། ཤིན་ཅང་། ཕུའུ་ཅན་སོགས་སུ་ཁྱོན་ཡན་ལག་ས་ཚིགས་15བཙུགས་པ་དང་ས་ཚིགས་དེ་དག་ཚང་མ་སྦགས་བཙོག་འབྱུང་ཁུངས་དང་བྲལ་ནས་ཁོར་ཡུག་སྤུས་ཚད་ཅུང་ཡག་པ་དང་མིའི་རིགས་ཀྱི་བྱེད་སྒོས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཆུང་བའི་ས་ཁོངས་སུ་གནས་པས་ལྟ་ཞིབ་ཚད་འཇལ་གྲངས་གཞི་སོ་སོས་རིགས་དང་པོའི་དཔེ་མཚོན་གྱི་སྣོད་བཅུད་མ་ལག་མཚོན་ཐུབ་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།