ལྷ་སའི་སྐྱོར་མོ་ལུང་ལྷ་མོ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-13 18:00:06

QQ截图20170711120207.png

སྐྱོར་མོ་ལུང་ལྷ་མོ་ནི་འབག་སྔོན་པོའི་ལྷ་མོའི་འཁྲབ་གཞུང་རིགས་ཀྱི་ཡ་གྱལ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་ད་ཡོད་ལྷ་མོ་ཚོགས་པའི་ཁྲོད་སྒྱུ་རྩལ་གྱི་སྐོར་ལ་ཆེས་འཐུས་ཚང་གྲ་རྒྱས་དང་། ཤུགས་རྐྱེན་ཆེ་ཤོས། ཁྱབ་གདལ་ཆེ་ཤོས་ཤིག་ཏུ་འཕེལ་རྒྱས་ཕྱིན་པ་ཞིག་རེད། སྐྱོར་མོ་ལུང་ལྷ་མོ་ཚོགས་པ་ནི་བོད་རྙིང་པའི་སྐབས་སུ་ཆེད་ལས་རང་བཞིན་ལྡན་པའི་ལྷ་མོ་ཚོགས་པ་ཉག་གཅིག་དེ་ཡིན་པ་དང་དེ་བོད་ས་གནས་སྲིད་གཞུང་གི་རྩིས་ཕྱག་ལས་ཁུངས་དང་ཀུན་བདེ་གླིང་དགོན་པ་གཉིས་ནས་མཉམ་དུ་དོ་དམ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཟླ་ཕོགས་སྤྲོད་སྲོལ་མེད་པ་རེད། ཞོ་སྟོན་ནང་ཞུགས་ནས་འཁྲབ་སྟོན་བྱེད་པར་གསོལ་རས་ཀྱི་དངུལ་དང་བཟའ་བཅའ་ཐོབ་པ་ཕུད་དུས་ཚོད་གཞན་དག་སྐབས་བོད་ཀྱི་ས་ཕྱོགས་གང་སར་བསྐྱོད་དེ་ལྷ་མོ་འཁྲབ་པར་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད་པ་རེད། ཁོང་ཚོའི་དབང་ཆ་གཅིག་པུ་ནི་གང་འདོད་དུ་འཁྲབ་སྟོན་པ་འདེམས་སྒྲུག་བྱེད་ཆོག་པ་དེ་ཡིན་པ་རེད། དེར་བརྟེན་ཁོང་ཚོས་བོད་ས་གནས་སྲིད་གཞུང་ནས་སྤྲད་པའི་ཡིག་ཆ་ཤོག་ལྷེབ་གཅིག་ཡོད་པ་གསལ་བསྒྲགས་བྱས་ཏེ་ལས་ཞོར་ལྷ་མོ་ཚོགས་པའི་ཁྲོད་ཀྱི་ཕུལ་བྱུང་འཁྲབ་སྟོན་པ་རང་དགར་ཉར་གྱི་ཡོད། ལྷ་མོ་ཚོགས་པ་དེ་དང་ཐོག་སྟོད་ལུང་བདེ་ཆེན་རྫོང་སྐྱོར་མོ་ལུང་གྲོང་ཚོའི་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་ཡིན་པས་ན་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་ཞེས་འབོད་ཀྱི་ཡོད་པ་རེད།

སྐྱོར་མོ་ལུང་ལྷ་མོ་ཚོགས་པ་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་དྭངས་བཟང་དང་། མིག་དམར་རྒྱལ་མཚན། བཀྲ་ཤིས་དོན་གྲུབ་སོགས་སྒྱུ་རྩལ་མཁས་པ་མི་རབས་མང་པོས་སྒྲིག་འཛུགས་དང་གཉེར་སྐྱོང་བྱས་པ་བརྒྱུད་རིམ་གྱིས་དར་རྒྱས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་དེའི་ཁྲོད་ནས་གྲགས་ཅན་འཁྲབ་སྟོན་པ་འགའ་ཞིག་གསོ་སྐྱོང་བྱས་ཡོད་པ་སྟེ། དཔེར་ན། ཨ་མ་ལྷག་པ་དང་། ཨ་མ་ཚེ་རིང་། ཨ་ཁུ་བསྟན་པ། ཚེ་རིང་དགེ་འཕེལ་སོགས་ནི་མིང་གྲགས་ཅན་ཤ་སྟག་ཡིན་པ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་བཞི་བཅུ་པའི་རྗེས་སུ་ལྷོ་ཁ་དང་། གཞིས་ཀ་རྩེ། ཆབ་མདོ། མངའ་རིས་སོགས་ས་ཁུལ་དུ་ལྷ་མོ་ཚོགས་པ་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

དེ་ཡང་ལོ་རྒྱུས་ཐོག་གི་གྲགས་ཅན་གྱི་ལྷ་མོའི་དགེ་རྒན་ཁྲོད་ནས་རྒན་མིག་དམར་རྒྱལ་མཚན་ལགས་ནི་ཡིག་རྨོངས་བ་ཡིན་པས། ལྷ་མོའི་གཞུང་མི་གཞན་གྱིས་འཁྲབ་ལེན་བྱེད་དུ་འཇུག་དགོས་མོད། འོན་ཀྱང་ཁོང་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་གྲེ་བ་བདེ་མོ་ཞིག་ཡོད། ཤོད་རྒྱུན་ལ་ཁོང་གིས་ནོར་བུ་གླིང་གའི་ནང་འཁྲབ་ལེན་བྱེད་པའི་མགྲིན་སྒྲ་ཉེ་མཉམ་གྱི་ས་ཆ་གང་སར་ཐོས་ཀྱི་ཡོད་ཟེར་བ་དང་། ད་དུང་ཁོང་གིས་གཞས་གདངས་ཕུན་སུམ་ཚོགས་སུ་གྱེར་བ་དང་སྒྱུར་བཅོས་ཀྱང་མི་ཉུང་བ་གནང་ཡོད། འོན་ཀྱང་ས་གནས་སྲིད་གཞུང་ནས་ལྷ་མོར་དོ་དམ་དང་ཚོད་འཛིན་ནན་པོ་བྱས་ཏེ། ཚོགས་པ་དེས་ལྷ་མོ་གང་ཞིག་འཁྲབ་པ་དང་། ཟློས་གར་གྱི་ནང་དོན་དང་གཏོང་ལེན་བྱེད་སྟངས། ཉམས་འགྱུར་འདོན་སྟངས། མཚོན་བྱེད་རྣམ་པ། གར་སོགས་གང་ཞིག་འཁྲབ་པ་བཅས་པ་ཆ་ཚང་བའི་སྒྲིག་སྲོལ་གཏན་འབེབས་བྱས་ཡོད་པས། བཟོ་བཅོས་བྱས་མི་ཆོག་པ་ཡིན། ཟློས་གར་གྱི་སྒྱུ་་རྩལ་མཁས་ཅན་མིག་དམར་རྒྱལ་མཚན་གྱིས་ལག་ལེན་ཁྲོད་ལྷ་མོར་སྒྱུར་བཅོས་དང་གསར་གཏོད་ངེས་ཅན་ཞིག་བྱས་མོད། རྒྱུན་དུ་རྙོག་གྲའང་བཟོ་ཡི་ཡོད། སྐབས་དེ་དུས་ཀྱི་སྐྱོར་མོ་ལུང་ལྷ་མོ་ཚོགས་པར་ཕྱོགས་གཅིག་ནས་མིང་གྲགས་ཆེ་བ་དང་། ཕྱོགས་གཞན་ཞིག་ནས་རྒྱུན་དུ་ཉེས་ཆད་ཕོག་གི་ཡོད།

སྐྱོར་མོ་ལུང་ལྷ་མོ་ཁྱབ་སྤེལ་དང་དར་ཁྱབ་བྱུང་བའི་ས་ཆ་ཤིན་ཏུ་རྒྱ་ཆེ་བའི་སྟབས་ཀྱིས། རྒྱལ་མཁར་ཟློས་གར་ཚོགས་པས《སྣང་ས་འོད་འབུམ》དང《འུན་ཤིང་ཀོང་ཇོ》བཅས་འཁྲབ་སྟོན་བྱེད་སྐབས་གཞས་གདངས་ཕལ་མོ་ཆེ་སྐྱོར་མོ་ལུང་ནས་ཐད་ཀར་སློབ་སྦྱོང་དང་བསྡུ་ལེན་བྱས་ཤིང་། གཞང་ཡང་འབག་ཁེར་རྐྱང་གི་རྣམ་པའི་ཟློས་གར་ཚོགས་པར་ཡང་གནས་ཚུལ་དེ་རིགས་ཐོན་ཡོད་དེ། ལྷ་ས་དང་། ལྷོ་ཁ་སོགས་ས་ཁུལ་མང་ཆེ་བར་ནམ་མཁའི་སྐར་ཚོགས་ལྟར་དུ་ལྷ་མོ་ཚོགས་པ་མང་དུ་མཆིས་ཀྱང་། མང་ཆེ་བ་ནི་སྐྱོར་མོ་ལུང་གི་ཁོངས་སུ་གཏོགས་པ་ཡིན་ལ། མཐའ་མཚམས་ཀྱི་གྲོ་མོ་རྫོང་དང་བཅས་པའི་ལྷ་མོ་རུ་ཁག་བཞི་ལྔ་ཙམ་ཡོད་པ་དག་ཀྱང་སྐྱོར་མོ་ལུང་གི་ལུགས་སུ་གཏོགས་པ་ཡིན་ནོ།

2006ལོར་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་་མིང་གཞུང་ནང་ཚུད་པ་དང་། 2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་ཚུད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།