མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་ཡུམ་པའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-13 17:50:41

ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ལ། བོད་ཤར་གྱི་ས་གཞི་ཆེན་མོ་སྔར་བཞིན་མུན་པའི་ཡོལ་བས་གཡོགས་ནས་ཁྲོམ་གཞུང་གི་ལམ་སྒྲོན་འོག་ཁོར་ཡུག་གཙང་སྦྲ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། མི་དེ་དག་གི་ཁྲོད་ཡུམ་པ་ནི་ཁོང་ཚོའི་གྲལགྲས་ཤིག་རེད།

2015ལོར་ལོ་ཞེ་གཉིས་ལ་སླེབས་པའི་ཡུམ་པ་ཁོར་ཡུག་གཙང་སྦྲ་བའི་ལས་གནས་ཐོག་བསྐྱོད་པ་དང་རྗེས་སུ་ཁ་རུབ་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུས་ཀྱི་འཕྲོད་བསྟེན་ལྟ་སྐུལ་བ་ཞིག་ཏུ་གྱུར། 2016ལོར་ཁོང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་ལ་བདམས།

ལོ་གཉིས་རིང་། ཉིན་མཚན་བདུན་བརྒྱ་ལྷག་རིང་ཡུམ་པས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ནས་ཆ་སྙོམས་ཉིན་ལྟར་ལས་ཀ་ཆུ་ཚོད་10ཡན་བྱེད་པའི་ཁར་ལས་དུས་འཕར་མ་ཆུ་ཚོད་600ཡན་ལ་ཐོབ་ཆ་གང་ཡང་མེད་པར་ལས་ཀ་བྱས་ཤིང་། ཁོང་གིས་རྟག་ཏུ་སྤྱི་པའི་ཁེ་ཕན་ཨང་དང་པོར་བཞག་སྟེ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་གཙོ་བོར་འཛིན་པ་དང་རང་དོན་རྒྱབ་སྐྱུར་གྱི་ལས་ཀ་བྱས་ཏེ་ཁེ་གྲགས་མི་གཉེར་བའི་ངང་ལེགས་སྐྱེས་ཕུལ་ཡོད།

ཁོར་ཡུག་གཙང་སྦྲའི་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཞིག་ཡིན་པའི་ཡུམ་པས་ལས་རོགས་ཚོའི་འཚོ་བ་དང་ལས་ཀའི་ཐད་གཅེན་མོ་བཞིན་སེམས་ཁུར་བྱས་ཏེ“གནམ་དྭངས་སྐབས་ལུས་པོ་རྔུལ་གྱིས་འཚོས་པ་དང་། ཆར་ཞོད་སྐབས་ལུས་པོ་འདམ་གྱིས་ཁེངས་པ། དགུན་ཁའི་སྐབས་ངོ་གདོང་བ་མོས་ཁེབས”ཀྱི་ཡོད། ཁོང་དང་ལས་རོགས་ཚོས་འཁང་ར་སྤུ་ཙམ་ཡང་མེད་པར་དཔུང་པ་མཉམ་གཤིབ་ངང་ཁོར་ཡུག་གཙང་སྦྲའི་ལས་དོན་ཧུར་ཐག་བསྒྲུབས་ཀྱི་ཡོད་ཅིང་། མཚན་མོ་མང་པོར་ལས་རོགས་དང་མཉམ་དུ་ལམ་ཁར་བསྡད་དེ“དུས་ཆེན”གཏོང་དགོས་ཀྱང་བྱུང་ཡོད།

“ལས་ཀ་བྱེད་སྐབས་ངེས་པར་ལས་གོས་གྱོན་དགོས། ལས་ཀ་བྱེད་སྐབས་མི་ལུས་ཀྱི་བདེ་འཇགས་ལ་གཟབ་དགོས་ཞེས་ཡུམ་པས་ང་ཚོར་རྟག་ཏུ་ཤོད་ཀྱི་ཡོད”ཅེས་ལས་རོགས་པ་སངས་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་དུས་རྒྱུན་ལས་ཀའི་ཁྲོད་སུ་ལ་དཀའ་ངལ་འཕྲད་ནའང་ཡུམ་པས་རོགས་པ་བྱེད་ཀྱི་ཡོད། གད་སྙིགས་བླུགས་འཁོར་སྐྱོན་ཤོར་ཚེ་ཁོང་གིས་བཟོ་རོགས་བྱེད་པ་དང་ཕྱགས་མ་ཞིག་ཚེ་ཁོང་གིས་སྡོམ་རོགས་བྱེད་ལ། སྦྱག་མའི་མགོ་ཟགས་ཚེ་ཁོང་གིས་སྒར་རོགས་བྱེད་པ་དང་གད་སྙིགས་ལྗིད་པོ་བླུགས་ནས་གྱེན་ལ་འདེད་མི་ཐུབ་པའི་སྐབས་ཁོང་གིས་རྒྱབ་ནས་འབུད་རོགས་བྱེད་ཀྱི་ཡོད་ཅེས་བཤད།

ཡུམ་པ་དང་བབ་ཆགས་པའི་ཁོང་གི་ཁོར་ཡུག་གཙང་སྦྲ་བའི་ལས་རོགས་དབར་གཅེན་གཅུང་བཞིན་མཛའ་ཞིང་བརྩེ་བས་ཕན་ཚུན་རོགས་རེས་ངང་གོང་རིམ་གྱིས་སྤྲད་པའི་ཁོར་ཡུག་གཙང་སྦྲའི་ལས་འགན་ལྕི་པོ་རེ་རེ་བཞིན་བསྒྲུབས་ཡོད།

མིང་གྲགས་ཆེ་བའི་གོ་གནས་དང་རླབས་ཆེ་བའི་བྱ་བ་གང་ཡང་མེད་པའི་ཡུམ་པས་ཀུན་གྱིས་དེ་ཙམ་སྣང་བར་མི་གཏོང་བའི་ལས་ཀ་བྱས་ནས། རང་ཉིད་ཀྱི་གཤིས་བཟང་དང་། ལས་བརྩོན། ཁེ་གྲགས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ལས་རང་འཁྲིའི་ལས་གནས་དཀྱུས་མར་གཟི་བརྗིད་ལྡན་པའི་ལག་རྗེས་ཤིག་བཞག་ཡོད།

“རང་ཁྱིམ་གྱི་འཁོས་ཀ་དེ་ཙམ་ཡག་པོ་མེད་ཀྱང་ངས་རང་ནུས་ལྕོགས་ཚོད་ཀྱིས་ཉེ་འགྲམ་གྱི་མིར་རོགས་པ་བྱེད་ཀྱི་ཡོད། གྲོང་ཁྱེར་གཙང་མ་ཡོང་བ་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན་པས། ངས་ལས་རོགས་ཚོ་དང་མཉམ་དུ་རང་རེའི་ཁྱིམ་གཞིས་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་ཡིན”ཞེས་ཡུམ་པས་ཉིན་རེའི་བསྐྱར་ཟློས་ལས་ཀ་བྱེད་ཞོར་ངང་རྒྱུད་རིང་པོས་དེ་ལྟར་བཤད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།