བོད་སྐད་རླུང་འཕྲིན་དང་འབྲེལ་བའི་རྒྱ་བོད་ཡིག་སྒྱུར་སྐོར་གླེང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-12-12 17:05:26

དེ་ཡང་འཛམ་གླིང་ཁྱོན་དུ་རྒྱལ་ཁབ་ཉིས་བརྒྱ་ཙམ་དང་མི་རིགས་སྟོང་ཕྲག་ཁ་ཤས་ཡོད་ལ་རང་རྒྱལ་ལའང་མི་རིགས་ལྔ་བཅུ་ང་དྲུག་ཡོད། རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གནས་ལོ་རྒྱུས་དང་། ཡུལ་སྲོལ་གོམས་གཤིས། འཚོ་གནས་ཀྱི་ས་ཁམས་ཁོར་ཡུག་སོགས་མི་འདྲ་བའི་རྐྱེན་གྱིས། ཡུལ་ལུང་སོ་སོའི་སྐད་དང་ཡི་གེར་ཡང་ཁྱད་པར་ཧ་ཅང་ཆེ། རླུང་འཕྲིན་ཐོག་ནས་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་དག་གི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་ལོ་རྒྱུས། གསར་བྱུང་གནས་ཚུལ། སྲིད་ཇུས་དང་ཚན་རྩལ་ཤེས་བྱ་སོགས་ཆད་ལྷག་མེད་པར་རང་མི་རིགས་ཀྱི་མང་ཚོགས་ལ་བརྒྱུད་བསྒྲགས་བྱ་རྒྱུ་དེ་ཡིག་སྒྱུར་ལས་རིགས་ལ་མ་བརྟེན་ཐབས་མེད་ཡིན་གཤིས། ལ་ཙཱ་བ་ནི་རྒྱལ་ཁབ་ཁག་དབར་དང་མི་རིགས་ཁག་དབར་གྱི་མཚམས་སྦྱོར་ཕོ་ཉ་ལྟ་བུ་ཞིག་རེད།

རང་ཅག་འཚོ་སྡོད་བྱེད་སའི་བོད་ལྗོངས་འདི་ཉིད་ས་རྒྱ་ཆེ་ལ་མི་རིགས་མང་བ་མ་ཟད། ཅུང་ཁ་ཐོར་དུ་གནས་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་པོ་དེ་ཙམ་མེད་ལ་གཞི་རིམ་མང་ཚོགས་ཀྱི་སྐད་རིགས་གཞན་གྱི་ཆུ་ཚད་ཅུང་དམའ་བས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་། ཚན་རྩལ་ཤེས་བྱ། རྒྱལ་ཁབ་ཕྱི་ནང་གི་ཆ་འཕྲིན་སོགས་ཇི་མ་ཇི་བཞིན་ཤེས་རྟོགས་བྱེད་དགོས་ན་ངེས་པར་དུ་ཡིག་སྒྱུར་ལ་བརྟེན་དགོས།

བོད་སྐད་རླུང་འཕྲིན་ལེ་ཚན་མང་པོའི་ནང་དོན་དང་ཡིག་སྒྱུར་གཉིས་ཁ་འབྲལ་ཐབས་མེད་ལ། ཡིག་སྒྱུར་ཚད་དང་ལྡན་པ་ཞིག་ཡོང་མིན་དང་བོད་སྐད་རླུང་འཕྲིན་ལེ་ཚན་ལེགས་གྲུབ་ཡོང་མིན་དབར་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། བོད་སྐད་རླུང་འཕྲིན་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། རྒྱ་བོད་སྐད་གཉིས་ཀྱི་ཡིག་སྒྱུར་བྱང་ཆུབ་པ་ཞིག་དགོས་པ་ནི་རྨང་གཞིའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད།

རྒྱ་བོད་ཡིག་སྒྱུར་ལ་མཐོང་ཆེན་བྱས་ནས་རྒྱལ་ཕྱི་རྒྱལ་ནང་གི་གནས་ཚུལ་གསར་པ་རྒྱ་ཆེའི་མང་ཚོཌ་ཀྱིས་ཤེས་རྟོགས་གསལ་པོ་ཞིག་ཡོང་བ་བྱེད་རྒྱུ་ནི་རླུང་འཕྲིན་ལས་བྱེད་པས་མང་ཚོཌ་ལ་ཞབས་འདེགས་ཞུ་བའི་གོམ་པ་དང་པོ་དེ་ཡིན།

རླུང་འཕྲིན་ལས་བྱེད་པ་ཞིག་གིས་རང་གི་ཞབས་འདེགས་ཞུ་ཡུལ་གཞི་རིམ་མང་ཚོཌ་ཡིན་པ་ཤེས་རྟོགས་བྱུང་ཚེ། དེས་ཡིག་སྒྱུར་ལས་དོན་ལ་མཐོང་ཆེན་རང་ཤུགས་སུ་བྱེད་སྲིད། གལ་སྲིད་ང་ཚོས་ཞིང་འབྲོག་མང་ཚོགས་ལ་དགོས་མཁོ་ཆེ་ལ་ཁོང་ཚོས་ཉན་སྤྲོ་བའི་ལེ་ཚན་ཞིག་གཉེར་དགོས་བསམ་ན། སྔོན་ལ་ང་ཚོས་ཡིག་སྒྱུར་བྱ་གཞག་ལ་མཐོང་ཆེན་བྱེད་དགོས་ཤིང་། མ་མཐར་ཡང་ཡིག་སྒྱུར་ལས་ཀའི་བརྒྱུད་རིམ་ལ་རྒྱུས་མངའ་རགས་ཙམ་ཞིག་ཡོང་བ་བྱེད་དགོས་པ་སྟེ།

གཅིག ང་ཚོ་སོ་སོས་ཡིག་རིགས་གཞན་གྱི་ནང་དོན་ལ་གོ་བ་གསལ་པོ་ལོན་ཐུབ་པ་བྱེད་དགོས་པ་དང་། དེ་ནས་བརྗོད་དོན་དེ་དག་ཁ་གསལ་ལ་གོ་བདེ་བའི་ངང་གསན་མཁན་ཚོར་ཤོད་ཐུབ་པ་དགོས། གལ་སྲིད་ང་ཚོས་བརྗོད་གཞི་དེར་གོ་བ་ཏན་ཏིག་ལོན་མ་ཐུབ་ན་ང་ཚོས་དམངས་ལ་བཤད་པའི་ནང་དོན་སྐྱོན་ཅན་ཡིན་པ་སྨོས་མེད་རེད།

གཉིས། ང་ཚོས་བརྗོད་དོན་ལ་གོ་བ་གསལ་པོ་ལོན་ཐུབ་ཀྱང་བོད་སྐད་ཀྱི་ཐོག་ནས་གསལ་པོ་ཞིག་ཤོད་མ་ཐུབ་པའམ་སྐད་ཆ་བེད་སྤྱོད་བྱེད་སྟངས་ནོར་བ་ཡིན་ན་ཡང་གསན་པ་པོར་བརྗོད་དོན་སྐྱོན་ལྡན་ཞིག་བརྒྱུད་བསྒྲཌ་བྱེད་སྲིད།

གསུམ། གལ་སྲིད་ང་ཚོའི་ནང་དོན་དེ་དག་གོ་བདེ་བའི་ཐ་སྙད་མ་སྤྱད་ན་་གསན་པ་པོ་མང་པོ་ཞིག་གིས་གོ་བ་ལོན་མ་ཐུབ་པའི་ལེ་ཚན་ཕན་མེད་ཅིག་ལ་འགྱུར་ཉེན་ཡོད།

དང་པོ། བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་ཐབས་རྩལ།

རླུང་འཕྲིན་ནི་ཚགས་པར་དང་། བརྙན་འཕྲིན། དྲ་བ། ལག་ཐོཌ་ཁ་པར་སོགས་དང་མི་འདྲ་བར་དེའི་ནང་དོན་གང་ཡིན་རུང་ཚང་མ་གཙོ་སྐྱོང་བའི་སྐད་སྒྲ་ཁོ་ནར་བརྟེན་ནས་བརྒྱུད་སྤྲོད་བྱེད་དགོས་པ་ཞིག་ཡིན་པས། བརྗོད་གཞིའི་ནང་དོན་ལ་གོ་བ་ཞིབ་ཚགས་དང་བསམ་གཞིག་ནན་ཏན་གྱིས་རྒྱུས་ལོན་དང་དབྱེ་ཞིབ་བྱས་རྗེས། ཡིག་སྲོལ་དང་མཐུན་པའི་ཁ་སྐད་རང་གི་ཐོག་ནས་ཤོད་དགོས། དེ་ཡང་རླུང་འཕྲིན་ལེ་ཚན་ནི་ཡིག་སྒྱུར་གྱི་གསར་རྩོམ་བསྐྱར་མའི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད། ནང་དོན་དེ་དག་བསྐྱར་མཚོན་དང་གསལ་འདེབས་གང་འདྲ་ཞུ་བ་སོགས་ངེས་ཤེས་ཐུབ་པ་དགོས།

ཚགས་པར་དང་། དུས་དེབ། དྲ་བ་སོགས་ཀྱི་ངོས་ནས་བརྗོད་ན། དེའི་ནང་དོན་གསལ་པོ་མ་ཤེས་པ་དང་གོ་བ་ཡག་པོ་ལེན་མ་ཐུབ་ཀྱང་ཡང་སྐོར་བསྐྱར་སྐོར་གྱིས་ལྟ་ཀློག་བྱས་ནས་གོ་བ་བླངས་ཆོག་ལ་ཡི་གེའི་དག་ཆར་བལྟས་ནས་གོ་བ་ཡང་བླངས་ཆོག དེ་བཞིན་དཔྱད་གཞིའི་ཡིག་རིགས་བཙལ་ཀྱང་ཆོག་པ་དང་། བརྙན་འཕྲིན་ནི་ལེ་ཚན་བསྟན་པ་དག་རྣ་བས་ཉན་རྒྱུ་ཡོད་ལ་མིག་གིས་ཀྱང་མཐོང་རྒྱུ་ཡོད་པས་ནང་དོན་གསལ་རྟོགས་བྱེད་བདེ་པོ་ཡོད། འོན་ཏེ་རླུང་འཕྲིན་ནི་སྐད་སྒྲ་ཁོ་ནར་བརྟེན་དགོས་པས། སྐད་སྒྲ་རང་གི་ཐོག་ནས་གསན་པ་པོས་གསལ་རྟོགས་ཐུབ་པ་བྱ་རྒྱུར་འབད་དགོས།

ད་དུང་བོད་སྐད་རླུང་འཕྲིན་ལེ་ཚན་ཁག་གི་ནང་། ཞེ་ཚིག་དང་བསྡུས་ཚིག་སྤྱོད་ཐལ་དྲགས་རྒྱུ་མེད། གང་ཡིན་ཟེར་ན། བོད་སྐད་རླུང་འཕྲིན་གསན་མཁན་མང་པོ་ཞིག་ཞིང་པ་དང་འབྲོག་པ་ཡིན་པ་དང་ཁོང་ཚོའི་རིག་གནས་ཆུ་ཚད་དང་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་དུས་རྒྱུན་འཚོ་བའི་ཁྲོད་དུ་ཞེ་ཚིག་སྤྱོད་མཁན་དང་མི་སྤྱོད་མཁན་སྣ་ཚོགས་ཡོད་པས། བོད་སྐད་རླུང་འཕྲིན་ལས་བྱེད་པས་ལེ་ཚན་ནང་ཞེ་ཚིག་སྤྱོད་ཐལ་དྲགས་ན་སྐབས་རེ་གསན་པ་པོས་གོ་ནོར་ཐེབས་ཉེན་ཡོད། དཔེར་ན། རྐང་ལག་གི་ནད་གཞིའི(手足有病)དོན་མཚོན་པའི་ཚིག་ཞབས་ཕྱག་སྙུང་གཞི་ཞེས་པ་དང་ལྷམ་གོག(鞋子)ཅེས་པའི་དོན་མཚོན་པའི་ཞེ་ཚིག་ཞབས་ཕྱག་ཅེས་པ་གཉིས་ནོར་ཉེན་ཡོད་པ་དང་། གདོང་གཤིས(脸色)ཞེས་པའི་དོན་མཚོན་པའི་ཞེ་ཚིག་ཞལ་མདངས་ཞེས་པ་དེ་དང་གཞས་གདངས(曲子)ཞེས་པ་ནོར་ཉེན་ཡོད་པ། ཡར་ལངས་པའི(起来)ཞེ་ཚིག་བཞེངས་པ་དང་བླངས་པའི(拿)དོན་མཚོན་པའི་ཞེ་ཚིག་བཞེས་པ་གཉིས་ནོར་ཉེན་ཡོད་སྟབས། རླུང་འཕྲིན་ཡིག་སྒྱུར་སྐབས་ཞེ་སའི་དོན་རྣམས་ཁ་ཕྲལ་བའམ་ཡང་ན་ཁ་སྐད་ཀྱི་ཐོག་ནས་གསལ་འགྲེལ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ། དེ་མིན་རླུང་འཕྲིན་ནང་དུ་མིའི་མིང་ཞེས་པར་མཚན་ཞེས་སྤྱད་ཚེ་གསན་མཁན་ལ་ལས་གོ་བ་ལོག་སྒྲུབ་བྱེད་སྲིད་པ་དཔེར་ན། གཙོ་སྐྱོང་པས། ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད་དམ་ཞེས་དྲིས་པར། གསན་པ་པོས། ང་མཚན་ལ་གཉིད་ཉལ་གྱི་ཡོད་ཅེས་ལན་འདེབས་པ་ལྟ་བུ་དང་། ངའི་མཚན་ལ་འདི་དང་འདི་ཟེར་གྱི་ཡོད་ཅེས་རང་གིས་རང་ལ་ཞེ་ས་བྱས་ནས་ལན་འདེབས་པ་ལྟ་བུ་རེད། དེར་བརྟེན་སྤྱི་སྐད་ཀྱི་ཁྱད་ཆོས་དང་སྤྱི་སྐད་ཁྱབ་གདལ་གཏོང་བའི་དགོས་པར་གཞིགས་ནས། རླུང་འཕྲིན་ལེ་ཚན་ནང་གསན་པ་པོ་རྒན་དར་གཞོན་གསུམ་ཚང་མས་གོ་བདེ་ལ་ཤེས་སླ་བའི་ཚིག་སྤྱོད་རྒྱུ་གལ་ཆེ།

རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་མང་ཆེ་བ་ཐག་རིང་ལུང་ཁུག་ཏུ་འཚོ་སྡོད་བྱེད་ཅིང་། རླུང་འཕྲིན་གྱི་ཁྱབ་ནུས་དང་ཕན་ཡོན་ནི་མངོན་གསལ་དོད་པོ་ཡོད། གལ་སྲིད་བོད་སྐད་རླུང་འཕྲིན་ལས་བྱེད་པ་ཚོས་ལེ་ཚན་ནང་ཞེ་ཚིག་སྤྱོད་པ་དང་ལྷག་པར་དུ་ལྷ་ས་ཁུལ་དུ་སྤྱོད་མང་བའི་ཞེ་ཚིག་དག་ཁྱབ་གདལ་གཏོང་དགོས་དགོངས་ན་ཆབས་ཅིག་ཁ་སྐད་ཀྱི་ཐོག་ནས་གསལ་འགྲེལ་བྱེད་རྒྱུ་གལ་ཆེ། དེ་འདྲ་བྱུང་ན། གཅིག་ནས་མི་རྣམས་ཀྱིས་ཡ་རབས་གུས་ཞབས་མཚོན་པའི་ཞེ་ཚིག་སྤྱོད་རྒྱུར་ཕན་པ་ཆེ་བ་དང་། གཉིས་ནས་ཞེ་ཚིག་དང་སྤྱིར་བཏང་གི་ཁ་སྐད་ཀྱི་ཐ་སྙད་མང་པོ་ཞིག་མང་ཚོགས་ཀྱིས་ཤེས་རྟོགས་ཡོང་ཐུབ། དེ་མིན། རླུང་འཕྲིན་ལེ་ཚན་ནང་རྒྱ་སྐད་དུ“一颗红心”དང“培养一个有用的人才”ཟེར་བ་ལྟ་བུར་སེམས་པ་དམར་པོ་ཞིག་ཟེར་བ་དང་། བེད་སྤྱོད་ཡོད་པའི་མི་ཞིག་གསོ་སྐྱོང་མཛད་ཞེས་པ་ལྟར་ཐད་སྒྱུར་བྱས་ཚེ་གསན་པ་པོས་དེ་དོན་གསལ་པོ་ཞིག་གོ་མི་ཐུབ་པས། བོད་སྐད་ཀྱི་འགྲོ་ལུགས་ལྟར་ལྷག་བསམ་དག་པ་ཞེས་པ་དང་། མི་གོ་ཆོད་ཅིག་གསོ་སྐྱོང་མཛད་ཅེས་བསྒྱུར་ན་ཚང་མས་གོ་ཐུབ་པ་མ་ཟད་བོད་སྐད་ཀྱི་སྙན་ཆ་ཡང་ཐོན་ཐུབ། དེས་ན་རླུང་འཕྲིན་ལས་བྱེད་པས་ཡིག་སྒྱུར་གནང་སྐབས་བོད་སྐད་ཀྱི་འགྲོ་ལུགས་དང་བསྟུན་ནས་གོ་བདེ་ལ་དོན་གསལ་བ་ཞིག་ཡོང་བ་བྱ་རྒྱུ་ནི་བོད་སྐད་རླུང་འཕྲིན་ལེགས་གྲུབ་ཡོང་མིན་གྱི་འགག་གནད་ཅིག་རེད།

ཡང་རླུང་འཕྲིན་ལེ་ཚན་ནང་ཡིག་སྒྱུར་སྐབས་བསྡུས་ཚིག་མང་པོ་སྤྱོད་རྒྱུ་མེད། དཔེར་ན། རྒྱ་སྐད་བསྡུས་ཚིག“人大”ཞེས་པ་དང་། “科技”ཞེས་པ། “党章”ཞེས་པ། “少先队”ཞེས་པ་སོགས་བསྡུས་ཚིག་རང་སོར་མི་སྒྱུར་བར་མི་དམངས་འཐུས་ཚོགས་ཞེས་པ་དང་། ཚན་རིག་ལག་རྩལ་ཞེས་པ། ཏང་གི་སྒྲིག་ཡིག་ཅེས་པ། ལོ་ཆུང་གདོང་ལེན་རུ་ཁག་ཅེས་པ་སོགས་བསྒྱུར་བ་ཡིན་ན་གོ་བ་ཙམ་གྱིས་ཤེས་ཐུབ་པ་ལྟ་བུ་རེད། བོད་སྐད་རླུང་འཕྲིན་གྱི་རྒྱ་བོད་ཡིག་སྒྱུར་བ་ཚོས། ཡིག་སྒྱུར་གྱི་རྩ་དོན་རྣམས་གོ་བདེ་ལ་དོན་གསལ་བ་མ་ཟད། བོད་སྐད་ཀྱི་ཉམས་འགྱུར་ལྡན་པ་ཞིག་ཡོང་ཐབས་ལ་འབད་དགོས།

གཉིས་པ། རླུང་འཕྲིན་ཡིག་སྒྱུར་གྱི་དམིགས་བསལ་ཕན་ནུས།

ཚན་རྩལ་ཡར་ཐོན་གྱི་རྣམ་པ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བའི་དུས་སྐབས་འདིར། རླུང་འཕྲིན་དང་། ཚགས་པར། བརྙན་འཕྲིན་བཅས་སྲོལ་རྒྱུན་གྱི་སྨྱན་སྦྱོར་ལས་རིགས་ཁག་དང་དེང་དུས་དར་རྒྱས་ཤིན་ཏུ་ཆེ་བའི་དྲ་བ་དང་ལག་ཐོགས་ཁ་པར་སོགས་མཚམས་སྦྱོར་ཚན་པའི་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། འགྲིམ་འགྲུལ་སྟབས་བདེ་མེད་ལ་ཆ་འཕྲིན་འཕྲོད་དཀའ་བའི་ལུང་ཁུག་དང་གྲོང་གསེབ་ཀྱི་ས་ཆ་མང་པོ་ཞིག་ཏུ་བརྡ་འཕྲིན་གཞན་དག་ཆད་སླ་བར་བརྟེན། མང་ཚོགས་ཀྱིས་ཕྱི་ལ་བལྟ་བའི་སྒེའུ་ཁུང་ལྟ་བུ་ནི་རླུང་འཕྲིན་ཡིན་པ་ནི་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་སྨྱན་སྦྱོར་ཞིག་ཡིན་པས་ན། ང་ཚོ་རླུང་འཕྲིན་ལས་བྱེད་པས་བྱ་གཞག་འདིར་དེ་བས་མཐོང་ཆེན་བྱེད་དགོས། ཞིང་འབྲོག་མང་ཚོགས་ལ་བསམ་བློ་མང་ཙམ་བཏང་ནས་ཁོང་ཚོར་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་ཞུ་རྒྱུ་ནི་གཡོལ་ཐབས་མེད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཀྱང་རེད། རླུང་འཕྲིན་གྱི་ནང་དོན་གལ་ཆེ་ལ་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པས། ཡིག་སྒྱུར་ཡང་དག་དང་གོ་བདེ་པོ་ཞིག་བྱུང་ན་མི་དམངས་མང་ཚོགས་ཀྱི་འཚོ་བ་དངོས་ལ་ཕན་ནུས་ངེས་ཅན་ཐོན་ཐུབ།

གལ་སྲིད་ང་ཚོའི་ཡིག་སྒྱུར་ཆུ་ཚད་ཞན་པའི་དབང་གིས་ལེ་ཚན་ནང་ཏང་གི་སྲིད་ཇུས་འཁྱོག་བཤད་དུ་སོང་བ་དང་། ཚན་རིག་ཤེས་བྱ་ལ་སོགས་ཡང་དག་ཚད་ལྡན་ཞིག་བརྒྱུད་སྤེལ་མ་ཐུབ་ཚེ། རླུང་འཕྲིན་ལས་བྱེད་པ་ཚོས་བྱ་བཟང་ཕར་ཞོག་མང་ཚོགས་ལ་གོ་བ་ལོག་སྒྲུབ་ཀྱི་གནོད་འཚེ་སྐྱེལ་ཉེན་ཡང་ཡོད། རླུང་འཕྲིན་ལས་བྱེད་པའི་ངོས་ནས་བརྗོད་ན། ལེ་ཚན་གཉེར་བའི་བརྒྱུད་རིམ་ནང་ཡིག་སྒྱུར་ཡང་དག་བྱ་རྒྱུ་ནི་རྨང་གཞིའི་ལས་དོན་གལ་ཆེན་ཞིག་རེད། ལ་ལས་སྐད་གཉིས་ཤེས་པ་ཙམ་གྱིས་ཡིག་སྒྱུར་ཐུབ་པའི་ངོས་འཛིན་བྱེད་ཀྱང་། དོན་དུ་ཡིག་སྒྱུར་ལས་དོན་ལ་ངེས་པར་དུ་སྲ་ཞིང་བརྟན་པའི་ཡིག་སྒྱུར་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡོད་དགོས་ལ། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་དགོས། ད་དུང་གསར་རྩོམ་དང་། རྩོམ་སྒྲིག སྙན་སྒྲོན། སྒྲིག་བཟོ། གཙོ་སྐྱོང་སོགས་ཀྱི་འཇོན་ཐང་ཡང་མང་པོ་ཞིག་ལྡན་དགོས།

གསུམ་པ། རླུང་འཕྲིན་ཡིག་སྒྱུར་བའི་འགན་འཁྲི།

ཡིག་སྒྱུར་གྱི་ལས་རིགས་ནི་མིའི་རིགས་དབར་ཡི་གེ་མི་ཤེས་པ་དང་སྐད་བརྡ་མི་གོ་བའི་སྐབས་སུ་མེད་ཐབས་མེད་པའི་ལག་ཆ་གལ་ཆེན་ཞིག་རེད། ང་ཚོས་ཡིག་སྒྱུར་ཡག་པོ་ཞིག་བྱེད་ཐུབ་ཚེ་མི་རིགས་མང་པོ་དང་རྒྱལ་ཁབ་མང་པོའི་ཤེས་རིག་གི་ཉིང་ཁུ་དག་རང་རིགས་ཀྱི་ཡི་གེའི་ཐོག་ནས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་འཆད་ཐུབ་པ་དང་། མང་ཚོགས་ཀྱི་ཤེས་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་ཐུབ་ཅིང་། མང་ཚོགས་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། དེ་ནི་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཤིན་ཏུ་ཆེ་བའི་བྱ་གཞག་ཅིག་ཡིན་པས། ང་ཚོས་རླུང་འཕྲིན་ཡིག་སྒྱུར་ལས་དོན་གྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས། ཡིག་སྒྱུར་གྱི་གཞུང་ལུགས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ། དགེ་སྤེལ་སྐྱོན་སྤངས་བྱེད་བཞིན་བོད་སྐད་རླུང་འཕྲིན་གྱི་ཡིག་སྒྱུར་བ་ཚད་ལྡན་ཞིག་ལ་འགྱུར་བ་བྱེད་དགོས།

མདོར་ན། བོད་སྐད་རླུང་འཕྲིན་ནི་ཏང་དང་རྒྱལ་ཁབ་དང་མི་དམངས་མང་ཚོགས་དབར་གྱི་གསེར་ཟམ་ལྟ་བུ་ཞིག་དང་རླུང་འཕྲིན་གསན་མཁན་ཚོའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཡིན་པས། རླུང་འཕྲིན་ལས་བྱེད་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་མགྲིན་ཚབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། གཞུང་ལུགས་སློབ་སྦྱོང་བྱེད་དགོས་པ་མ་ཟད། མང་ཚོགས་ཀྱིས་སྤྱོད་གོ་ཆེ་ལ་མང་ཚོགས་ཀྱི་སྐད་ཆའི་གོམས་གཤིས་དང་མཐུན་པའི་རྒྱུན་སྤྱོད་མིང་ཚིག་དག་སློབ་སྦྱོང་བྱས་ནས་ཁྱབ་གདལ་གཏོང་ཐུབ་པ་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།