བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གཤོག་ཟུང་

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-24 16:52:46

QQ截图20190522104516.png

འདི་ནི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིང་ཁྲིའི་སྨན་གླིང་གནམ་ཐང་ནས་འཕུར་བཞིན་པ།

2018ལོའི་ཟླ་12པར་བོད་ལྗོངས་མཁའ་འགྲུལ་གྱིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ལས་བརྒལ་ཡོད་པ་རེད།

1965ལོར་མཁའ་ལམ་ཤར་གཏོང་ཐུབ་པ་ནས་ད་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་54ཡི་མཁའ་སྐྱོད་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།

ལོ་54ཡི་ནང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རིམ་རྩིས་ལྟར་ན་དུས་གཏན་གནམ་གྲུ་ཐེངས་ཁྲི་37བདེ་འཇགས་ངང་འཕུར་བབས་བྱས་པ་དང་།  འགྲུལ་པ་མི་ཐེངས་ཁྲི་4228.02སྐྱེལ་འདྲེན་བྱས་པ།  དོ་པོ་དང་སྦྲག་དངོས་ཏུན་ཁྲི་46.44དབོར་བ་བཅས་བྱས་ཡོད་པ་རེད།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་བསྡོམས་རྩིས་བྱས་པར།  བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད།  2010ནས་2018ལོ་བར་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་མ་དངུལ་སྒོར་དུང་ཕྱུར་73.4གཏོང་རྒྱུའི་ཆོག་མཆན་སྤྲད་པའི་ཁྲོད་ཀྲུང་དབྱང་གི་སྔོན་རྩིས་སྒོར་དུང་ཕྱུར་28.2དང་དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་ཐེབས་རྩ་སྒོར་དུང་ཕྱུར་45.2ཡོད་པ་རེད།

མ་འཇོག་འབོར་ཆེན་བྱས་པར་དགའ་འོས་པའི་གྲུབ་འབྲས་ཐོབ་པ།  མིག་སྔར་བོད་དུ་ལྷ་སའི་གོང་དཀར་དང་། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་།  མངའ་རིས་ཀྱི་དགུན་ས། གཞིས་རྩེ་སོགས་སྐྱེལ་འདྲེན་གནམ་ཐང་5ཡོད་པ་དང་།  འཕུར་སྐྱོད་མཁའ་འགྲུལ་ཀུང་སི་10ཡོད་པ། མཁའ་ལམ་96ཡོད་པ།  མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་50ཡོད་པ།  ཉིན་ལྟར་ཕར་འགྲོ་ཚུར་འོང་བྱེད་མཁན་དུས་གཏན་གནམ་གྲུ་130ཡོད་པ་བཅས་རེད།

ལོ་རྒྱུས་ཀྱི་ལེའུ། དུས་དེ་ནས་བཟུང་རི་བོ་མཐོ་པོ་མིན།

དེ་སྔ་གངས་ལྗོངས་ས་མཐོའི“འཛམ་གླིང་གི་ཡང་རྩེར”ལྷ་བྱ་མ་གཏོགས་འཕུར་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

1956ལོའི་ཟླ་5པར།  ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་འདམ་གཞུང་གནམ་ཐང་དུ་གནམ་གྲུ་ཚོད་འཕུར་བདེ་བླག་བྱུང་སྟེ་གོ་ལ་ཧྲིལ་པོའི་མཁའ་སྐྱོད་ལས་རིགས་ཀུན་གྱིས་ཁས་ལེན་པའི་མཁའ་དབྱིངས་ཀྱི་བཀག་འདོམས་ཁུལ་དེ་མེད་པར་གྱུར་བ་རེད།  ལོ་10ཙམ་གྱི་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་དང་ལག་ལེན་གྱི་གསོག་འཇོག་བརྒྱུད་1965ལོའི་ཟླ་3པར་པེ་ཅིང་ནས་ཁྲེང་ཏུའུ་བར་དང་དེ་ནས་ལྷ་སའི་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་འཛམ་གླིང་ཕྱོགས་སུ་སྐྱོད་པའི“མཁའ་དབྱིངས་ཀྱི་གསེར་ཟམ”དངོས་སུ་བསྐྲུན་པ་རེད།  1966ལོའི་ལོ་མཇུག་ཏུ་འདམ་གཞུང་གནམ་ཐང་དེ་ལྷ་སའི་གོང་དཀར་གནམ་ཐང་དུ་སྤོས་པ་ནས་བཟུང“མཁའ་དབྱིངས་ཀྱི་བདེ་ལམ”འདིང་བའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་བཏོད།

རྗེས་སྙེག་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྟོབས་ཆེར་བཏང་ནས་གོང་དཀར་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པའི་ལོ་རྒྱུས་དེ་སྔར་བཞིན་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་མྱུར་པོ་བྱུང་བའི་མཚོན་རྟགས་ཤིག་རེད།

བསྐྲུན་མ་ཐག་པའི་གོང་དཀར་གནམ་ཐང་གི་མཁའ་ལམ་རྐྱང་པ་ཡིན་པའི་ཁར།  དུས་གཏན་གནམ་གྲུ་ཉུང་བ་དང་སྐྱེལ་འདྲེན་བྱེད་ཚད་ཉུང་བས་ལོར་འགྲུལ་པ་དབོར་ཚད་ཁྲིའང་ཟིན་གྱི་མེད།  ཕྱིར་གཏོང་དངོས་ཟོག་མང་ཆེ་བ་སྨན་རྩྭ་དང་གསེར་དངུལ་ཡིན་པ་དང་ནང་འདྲེན་བྱེད་མང་བ་ནི་སྔོ་ཚལ་དང་།  ཤ་སོས་པ། འབྲུ་རིགས་སོགས་འཚོ་བའི་མཁོ་ཆས་རེད།

1985ལོར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།  ལོ་དེར་དམངས་སྤྱོད་མཁའ་འགྲུལ་ལྷ་ས་བབས་ཚུགས་ཀྱི་རྨང་གཞིའི་ཐོག་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་བསྐྲུན།  དེ་རྗེས་ལྷ་སའི་མཁའ་ལམ་ཐོག་སྔ་རྗེས་སུ་པོ་དབྱིང་707དང་།  པོ་དབྱིང་737-300སོགས་སྐབས་དེ་དུས་ཆེས་སྔོན་ཐོན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་སྤྱོད་འགོ་ཚུགས་པ་རེད།  1987ལོའི་ཟླ་9ཚེས་12ཉིན་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་སྤྱིའི་མཁའ་ལམ་ཐོག་མ་སྟེ།  ལྷ་ས་ནས་ཀ་ཏ་མན་རྡུ་དང་ཀ་ཏ་མན་རྡུ་ནས་ལྷ་ས་བར་གྱི་མཁའ་ལམ་བཏོད།

ངེས་པར་དུ་རྒྱས་སྐྲུན་དང་གཤོང་ཚད་ཆེ་རུ་གཏོང་དགོས་ངེས་རེད།  1988ལོར་གོང་དཀར་གནམ་ཐང་ཐེངས་དང་པོ་རྒྱས་སྐྲུན་བྱེད་འགོ་ཚུགས།

1994ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་དུ་གཟིགས་སྐྱོང་སྲིད་ཇུས་དང་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་སྤང་མདའ་གནམ་ཐང་བསྐྱར་སྐྲུན་བྱས་པ་དང་།  དམངས་སྤྱོད་མཁའ་འགྲུལ་ཆབ་མདོ་ས་ཚིགས་བསྐྱར་འཛུགས་བྱས་པ། ལྷ་ས་ནས་ཁྲུང་ཆིང་བར་དང་།  ཁྲེང་ཏུའུ་ནས་ཆབ་མདོ་བར། ལྷ་ས་ནས་ཤིས་ཨན་བར། ལྷ་ས་ནས་ཟི་ལིང་བར།  ལྷ་ས་ནས་ཆབ་མདོ་བར་སོགས་མཁའ་ལམ་ཁག་5སྔ་རྗེས་སུ་ཤར་གཏོང་ཐུབ་པ་རེད།  མཁའ་དབྱིངས་འགྲུལ་སྐྱེལ་གནམ་གྲུ་A340-300དབྱིབས་ཀྱི་བགྲོད་ལམ་གཉིས་གཤིབ་ཀྱི་ཞེང་ཚད་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་ལམ་ཐོག་གཉེར་སྐྱོང་བྱས་པ་དེས་མཁའ་ལམ་དང་དུས་གཏན་གནམ་གྲུ་མང་དུ་ཆེས་ཆེར་ཕྱིན་པ་རེད།

1995ལོར་ལྷ་སའི་གོང་དཀར་གནམ་ཐང་མཐུད་སྐྲུན་ཐེངས་གཉིས་པ་བྱས་པ་དང་2000ལོར་ལྷ་སའི་གོང་དཀར་གནམ་ཐང་སྒྱུར་བཀོད་རྒྱས་སྐྲུན་ཐེངས་གསུམ་པ་བྱེད་འགོ་ཚུགས།

2010ལོར་ལྷ་སའི་གོང་དཀར་གནམ་ཐང་སྒྱུར་བཀོད་ཆེ་གྲས་ཐེངས་བཞི་པ་བྱ་རྒྱུའི་རྣམ་གྲངས་ལ་ཆོག་མཆན་ཐོབ་པ་དང་སྦྲགས་སྔོན་ཚུད་ཀྱི་འཕུར་སྐྱོད་ཁུལ་གྱི་རམ་འདེགས་གློག་འོད་སྒྱུར་བཀོད་བྱས་པ་ལས་ལོ་43རིང་གོང་དཀར་གནམ་ཐང་དུ་མཚན་མོ་འཕུར་སྐྱོད་བྱེད་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་རྒྱལ་སྤྱིའི་གནམ་ཐང་བབས་ཚུགས་ཀྱི་བརྒྱུད་རིམ་སྒྱུར་བཀོད་ལེགས་གྲུབ་ཟིན་ནས་ལྷ་སའི་གོང་དཀར་གནམ་ཐང་གི་རྒྱལ་སྤྱིའི་མཁའ་འགྲུལ་ལ་བཀྲག་མདངས་ཆེས་ཆེར་བསྣན་ཡོད་པ་རེད།

ད་ཆའི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་དུ་མཁའ་ལམ་96ཡོད་པ་དེ་པེ་ཅིང་དང་།  ཧྲང་ཧའེ། ཀོང་ཀྲོའུ། ཧང་ཀྲོའུ།  ཧྲེན་ཀྲེན་སོགས་གྲོང་ཁྱེར་ཆེ་འབྲིང་50ལ་ཤར་གཏོང་ཐུབ་པ་དང་མཁའ་འགྲུལ་ཀུང་སི་10ཡོད་པས་ལྷ་སའི་གོང་དཀར་གནམ་ཐང་ལྟེ་བར་བྱས་པའི་ཆབ་མདོའི་སྤང་མདའ་དང་།  ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས།  གཞིས་རྩེའི་གནམ་ཐང་བཅས་ཉིང་ལག་གནམ་ཐང་དུ་བྱས་ཏེ་ཉེ་འགྲམ་གྱི་གྲོང་ཁྱེར་ཆེ་འབྲིང་ཁག་འབྲེལ་མཐུད་ཀྱི་མཁའ་ལམ་དྲ་བ་ཆགས་ཡོད་པ་རེད།

འཕེལ་རྒྱས་ཀྱི་ལེའུ། བོད་ལྗོངས་ཐག་རིང་པོ་མིན།

རྒྱལ་ཁབ་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་དང་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་བོད་ལྗོངས་ནང་ཁུལ་དུ་གནམ་ཐང་བཀོད་སྒྲིག་བྱེད་མང་དུ་ཕྱིན་པ་དང་།  མཁའ་ལམ་དྲ་བ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ།  རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ཆ་ཚང་དུ་ཕྱིན་པ།  འགྲུལ་པ་ཟམ་མི་ཆད་པར་མང་དུ་ཕྱིན་པ།  སྤ་སེ་འཚོང་བའི་ཁྲོམ་ར་ཟམ་མི་ཆད་པར་སྒོ་མོ་དབྱེ་བ།  ས་གནས་ཀྱི་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ཡོད།

2000ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་50ལས་བརྒལ་བ་དང་།  2006ལོ་དང་2012ལོར་མི་ཐེངས་ཁྲི་100དང་མི་ཐེངས་ཁྲི་200ལས་སོ་སོར་བརྒལ་བ།  འདས་མ་ཐག་པའི་2018ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་500ལས་བརྒལ་ཡོད་པ་རེད།  མཁའ་འགྲུལ་སྐྱེལ་འདྲེན་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་གྲུབ་ཆ་དང་རྐང་འཛིན་སྟོབས་ཤུགས་གལ་ཆེན་ཞིག་རེད།

“ལོ་ལྔ་ཚན་བཅུ་གཉིས་པ”ཚུན་དུ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་མགྱོགས་ཤོས་ཀྱི་དུས་མཚམས་སུ་སླེབས་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོར་ཆ་སྙོམས་འཕར་ཚད་15%ལས་བརྒལ་ནས་རྒྱལ་ཡོངས་གནམ་ཐང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད།  2018ལོར་བོད་ཀྱི་གནམ་ཐང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་531.99ཟིན་ཡོད།

རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས“ད་ཕན་ལོ་ཤས་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཡུལ་སྐོར་དང་དམངས་སྤྱོད་མཁའ་འགྲུལ་དབར་གཅིག་ལ་གཅིག་བརྟེན་དང་།  འབྲེལ་བ་དམ་ཟབ།  ཕན་ཚུན་སྐུལ་འདེད་བཅས་བྱུང་ནས་དམངས་སྤྱོད་མཁའ་འགྲུལ་ལས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ཡོད།  2018ལོར་བོད་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་3368.72ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་31.5%འཕར་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་490.14བྱུང་ཡོད”ཅེས་བཤད།

དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཕྱིན་པ་ལས་ཐོན་ལས་གཞན་དག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།  བསྡོམས་རྩིས་ལ་གཞིགས་ན་2018ལོར་བོད་ཀྱི་དམངས་སྤྱོད་གནམ་ཐང་5ཡིས་ལས་ཞུགས་ལས་གནས་ཁྲི་2.8མཁོ་འདོན་བྱས་ཡོད་པ་རེད།

འབྱུང་འགྱུར་གྱི་ལེའུ། ལས་གནས་བརྟན་སྲུང་གིས་མཆོང་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ།

བོད་ཀྱི་གནམ་ཐང་ཚང་མ་ས་མཐོ་ཡང་མཐོའི་གནམ་ཐང་ཡིན་པས། གནམ་གཤིས་ཞན་པའི་གནས་ཚུལ་འོག  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཚད་གཞི་མཐོ་བའི་འཁོར་སྐྱོད་མཐའ་འཁྱོངས་བྱས་ནས་ད་བར་བདེ་འཇགས་ངང་འཕུར་སྐྱོད་ལོ་54བྱས་ཏེ“འཛམ་གླིང་གི་ཆ་སྙོམས་ས་བབ་མཐོ་ཚད་མཐོ་ཤོས་དང་།  རྒྱ་ཆེ་ཤོས།  འཕུར་ཁག་ཤོས་བཅས་ཀྱི་ས་ཁུལ་དུ་བདེ་འཇགས་ངང་འཕུར་སྐྱོད་དུས་ཚོད་རིང་ཤོས”ཀྱི་ཟིན་ཐོ་བཏོད་ཡོད།

ད་ཕན་ལོ་ཤས་རིང་།  བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་བདེ་འཇགས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  བདེ་འཇགས་ལྟ་འདོམས་རྩ་འཛུགས་སྒྲིག་གཞི་བཀོད་སྒྲིག་ལེགས་སུ་གཏོང་བ།  བདེ་འཇགས་ཀྱི་མ་ལག་སྣ་ཚོགས་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།  བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།  བདེ་འཇགས་ཐོན་སྐྱེད་ཀྱི་ཐོབ་ཐང་ནུས་པ་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ངང་སྤེལ་བ།  ལྟ་སྐུལ་ཞིབ་བཤེར་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ།  བདེ་འཇགས་ཀྱི་སྲུང་སྐྱོང་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ།  “ལོག་སེལ་དང་ཁྲིམས་འགལ་བཅོས་སྒྲིག”དང་། དུས་བདེའི་གནམ་ཐང་འཛུགས་སྐྲུན།  བདེ་འཇགས་ཞིབ་བཤེར་ཆེ་མོ། བདེ་འཇགས་དཔྱད་དཔོག འཕྲལ་སྡོམ་ནང་སྦྱོང་།  བྱ་རིགས་ཀྱི་གནོད་འཚེ་འགོག་བཅོས།  FOD(ཕྱིའི་དངོས་པོ)བཅོས་སྒྲིག་དང་གནམ་ཐང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ་བཅས་བྱས་ནས་བདེ་འཇགས་དོ་དམ་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།  དེ་དང་ཆབས་ཅིག་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག་མཁའ་འགྲུལ་གྱི་ལག་རྩལ་གསར་པ་ཕྱོགས་ཡོངས་ནས་བེད་སྤྱོད་དང་ཁྱབ་གདལ་བཏང་སྟེ་བོད་ལྗོངས་ཁུལ་ནང་གི་མཁའ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ལྡན་ཚད་དང་དུས་གཏན་གནམ་གྲུའི་རྒྱུན་གཏན་གྱི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་མཁའ་འགྲུལ་ལམ་ཐིག་སྤྱོད་ཚད་དང་བར་སྣང་ཁྱབ་ཁོངས་ཀྱི་འགན་ལེན་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱི་ཅུས་ཀྲང་དཔལ་སྒྲོན་གྱིས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་འགན་ལེན་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་ཟུར་ཚད་ནས་འགོ་བཙུགས་ཏེ་མྱུར་ཚད་ལྡབ་གཅིག་གིས་མགྱོགས་པའི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གནམ་ཐང་གི་བཀོད་པ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ལེ་ལག་ཚང་བའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་།  མཁའ་འགྲུལ་དོ་དམ་གྱི་སྒྲིག་ཆས་ལེགས་སུ་གཏོང་བ་དང་།  ལག་རྩལ་གསར་པའི་སྤྱོད་རྒྱ་ཆེ་རུ་གཏོང་བ།  འཕྲིན་གཏོང་ཕྱོགས་སྟོན་གྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ།  མཁའ་འགྲུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

དཔལ་སྒྲོན་གྱིས་འབྱུང་འགྱུར་ལོ་ལྔའི་རིང་བོད་ཀྱི་ཉིང་ལག་ལམ་ཐིག་གི་གནམ་ཐང་3དང་རྒྱུག་ལམ་གསར་རྐྱང་1སྤྱོད་འགོ་འཛུགས་རྒྱུ་དང་།  ད་ཡོད་གནམ་ཐང་གི་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།