དབང་དབྱང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་མཇལ་འཕྲད་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-15 10:54:49

ཟླ་5ཚེས་5ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་དང་བྱམས་བརྩེའི་མཇལ་འཕྲད་གནང་ཞིང་།  འདི་ནི་པཎ་ཆེན་མཆོག་གིས་དབང་དབྱང་ལ་མཇལ་དར་འབུལ་བཞིན་པ།

QQ截图20190507160828.png

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ།  ཟླ་5ཚེས་5ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མི་དམངས་ཚོཌ་ཁང་ཆེ་མོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་བྱམས་བརྩེའི་མཇལ་འཕྲད་གནང་བ་རེད།

པཎ་ཆེན་མཆོག་གིས་དབང་དབྱང་ལ་མཇལ་དར་ཕུལ་བ་དང་འབྲེལ་ཉེ་ལམ་ལོ་ཤས་རིང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་པ་རེད།  དབང་དབྱང་གིས་ནང་ཆོས་ཡོན་ཚད་དང་། རིག་གནས་བྱང་ཚད།  ཆོས་ལུགས་ཤུགས་རྐྱེན་སོགས་ཀྱི་ཐད་པཎ་ཆེན་མཆོག་ལ་ཡར་རྒྱས་ཆེན་པོ་བྱུང་བར་ཁས་ལེན་གང་ལེགས་གནང་བ་རེད།

དབང་དབྱང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་གཅེས་ཆོས་ལུགས་མི་སྣའི་འཚར་ལོངས་ཡར་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད།  པཎ་ཆེན་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོ་ཞིག་དང་།  སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་ཞིག་ཡིན་པས་བོད་བརྒྱུད་ནང་བསྟན་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ་དང་།  མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད།  པཎ་ཆེན་མཆོག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སློབ་སྦྱོང་དང་།  ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་ཁ་ཕྲལ་གཏོང་མཁན་གྱི་ཕྱོགས་གཏོགས་མཐའ་དག་དང་འཐབ་རྩོད་གནང་རྒྱུའི་རེ་བ་ཡོད།  དེ་ཡང་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་ཆོས་ལུགས་བསྟན་དོན་ལ་གསལ་འགྲེལ་བྱེད་པ་དང་།  སྣེ་ཁྲིད་དེ་ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་རྒྱུན་ཆད་མེད་པར་དུས་བསྟུན་འཕེལ་རྒྱས་ཡོང་བར་བྱས་ཏེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དེ་བས་ཡག་པོ་ཡོང་བ་བྱེད་དགོས་པ་དང་།  ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ཆོས་ལུགས་ཡོན་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་།  དེང་རབས་ཀྱི་རིག་གནས་ཤེས་བྱ་སློབ་སྦྱོང་རྒྱ་ཁྱབ་བྱེད་པ།  ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་ཀུན་སྤྱོད་ལེགས་སུ་ཏན་ཏིག་གཏོང་བ།  གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་དང་།  སྤྱོད་བཟང་ཐེག་ཆེ་ཐུབ་པ་བཅས་བྱས་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པའི་བླ་མ་སྐྱེས་ཆེན་ཞིག་ཏུ་འགྱུར་བའི་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

པཎ་ཆེན་མཆོག་གིས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཆུད་ཟོས་སུ་མི་གཏོང་བ་དང་།  ངེས་པར་དུ་ཀྲུང་དབྱང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་ངེས་པ།  ངེས་པར་དུ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་དགེ་སྒྲུབ་ཀྱི་ཐོག་མའི་བསམ་འདུན་དང་འདུན་པ་རླབས་པོ་ཆེ་བློ་ལ་བརྟན་པོར་འཆང་བ།  བློ་རྩེ་གཅིག་སྒྲིམ་གྱིས་ཐོས་བསམ་ལ་གཞོལ་བ་དང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་།  མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་།  ཆོས་ལུགས་འཆམ་མཐུན་བཅས་སྲུང་སྐྱོང་བྱ་ཆེད།  རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་ལྷན་དུ་མཇལ་འཕྲད་ལ་ཕེབས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།