པར་ ལོ་གསར་འཆར་ལ་ཉེ། ལོ་གསར་གྱི་རྣམ་པ་ཟབ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-01-12 12:20:13

QQ截图20180112104006.png

གཞིས་རྩེའི་སོ་ནམ་ལོ་གསར་འཆར་ལ་ཉེ་བ་དང་བསྟུན་ནས་ཉིན་འདི་དག་ནང་གཞིས་རྩེ་གྲོང་ཁྱེར་བཀྲ་བདེ་ལྷོ་ལམ་གྱི་ལོ་གསར་ཉེར་མཁོའི་ཁྲོམ་རའི་ཐོག་མི་ཚོགས་ཀྱིས་ཁེངས་ནས་གང་སར་ལྟོ་ཕད་ཆེ་ཆུང་སྣ་ཚོགས་ཁྱེར་ཏེ་ལོ་གསར་གྱི་ཉེར་མཁོ་ཉོ་མཁན་གྲོང་མི་མཐོང་རྒྱུ་ཡོད་ལ་ཁོང་ཚོའི་ངོ་གདོང་ལས་དགའ་སྤྲོའི་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་བཞིན་འདུག

ས་ཕྱོགས་ཁག་ནས་ཡོང་བའི་ཚོང་པས་ཚོང་འགུག་གི་སྐད་ཆེན་པོ་རྒྱག་བཞིན་ཡོད་པས་དེ་ཁུལ་དུ་འཁྲུག་ཆ་ཧ་ཅང་དོད་པོ་འདུག

འདི་གར“ས་མཐོའི་རྫ་ཆས་ཐོན་ཡུལ”ཞེས་པའི་རྒྱལ་རྩེ་རྫོང་མཁར་སྨད་ཤང་གི་རྫ་ཆས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་ཅིང་། གྲོང་མི་ཟླ་བས“སྒྲུབ་རིམ་རྣམ་པའི་ཐོན་སྐྱེད་བྱེད་པ་དང་བསྟུན་ནས་སླད་ཕྱིན་ལག་བཟོས་འཚོ་བའི་སྤྱོད་ཆས་མཐོང་དཀོན་ཏུ་འགྲོ་རྒྱུ་རེད། འདི་ནས་གཅིག་ཉོས་པ་ཡིན། དེ་སྤྱོད་གོ་ཆོད་ལ་བྱིན་ཆགས་པའི་རིན་ཐང་ལྡན་འདུག”ཅེས་རྫ་ཆས་སྙིང་རྗེ་པོ་ཞིག་ལག་ཏུ་ཁྱེར་ནས་གསར་འགོད་པར་དེ་ལྟར་བརྗོད་ཀྱི་འདུག

ན་ནིང་དང་བསྡུར་ཚེ་བཟོ་གྲྭས་ཀྱང་ཐོན་རྫས་གསར་གཏོད་ཐད་བསམ་བློ་དེ་བས་མང་བ་བཏང་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་བྲག་རིའི་བོད་ལུགས་སུར་པན་ལས་སྣོན་བཟོ་གྲྭས་ན་ནིང་ཁྲོམ་རར་བྲིན་ཁ་རྒྱུག་པའི་ཤར་པའི་སུར་པན་ཆུང་ངུ་ཕུད་། འདི་ལོ་སླར་ཡང་བོད་ཀྱི་དམར་འདུར་གྱི་སྤུས་རྟགས་བཏོད་ཡོད།

སོ་ནམ་ལོ་གསར་འཆར་བར་ད་དུང་ཉིན་འགའ་ཤས་ཡོད་ཀྱང་། ལོ་གསར་གོང་གི་རྩེད་ཆས་ཁྲོམ་རའི་ཚོང་ཧ་ཅང་རྒྱུག་པོ་འདུག

“ཕྲུ་གུ་ཁྲིད་ནས་ཁྲོམ་རར་ལོ་གསར་གྱི་རྣམ་པ་མྱོང་རོལ་བྱེད་པར་ཡོང་བ་ཡིན། ད་ཆ་ལོ་གསར་གྱི་ཉེར་མཁོ་རྒྱུན་དུ་ནས་ཉོ་རྒྱུ་འདུག”ཅེས་གྲོང་མི་ཉི་མ་དབང་འདུས་ཀྱིས་བརྗོད་པ་དང་། ཁོང་གི་སྐད་ཆ་ལས་མི་མང་པོ་ཞིག་གི་ལྟ་ཚུལ་མཚོན་གྱི་ཡོད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་གཞིས་རྩེ་གྲོང་ཁྱེར་གྱི་ལོ་གསར་གྱི་ཉེར་མཁོ་ཚོང་ཡུལ་དུ་ཁྱད་ལྡན་ཐོན་རྫས་དང་། གྱོན་ཆས། ཚོང་ཟོག་ཙག་ཙིག བྱི་རིལ། ཤིང་འབྲས་སྐམ་པོ་སོགས་ཀྱི་ཁུལ་ཕྱེ་ནས་ཁྲོམ་འདོན་ས་500ལྷག་ཙམ་ཡོད་པ་དང་། བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཁྱེར་དོ་དམ་པས་ཉིན་གང་རིང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཀྱི་ཡོད།

འདི་ནི་གཞིས་རྩེའི་གྲོང་མིས་ལོ་གསར་གྱི་ཉེར་མཁོའི་ཁྲོམ་རའི་ཐོག་ཁ་ཏོག་ཉོ་བའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།