ཞི་ཅིན་ཕིང་གནམ་ཐང་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་ནས་པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་

ཤིན་ཧྭ་གསར་འགྱུར་ཁང་།

| 2019-09-27 16:24:47

665017_yis_1569471272032_s.jpg

ཟླ་9ཚེས་25ཉིན་གྱི་སྔ་དྲོ་པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས་གནམ་ཐང་བབས་ཚུགས་ལ་གཟིགས་སྐོར་གནང་བ།

665018_yis_1569471272472_s.jpg

ཟླ་9ཚེས་25ཉིན་གྱི་སྔ་དྲོ། པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས་གནམ་ཐང་བབས་ཚུགས་ལ་གཟིགས་སྐོར་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་གནམ་ཐང་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་མཁན་ལས་དོན་མི་སྣའི་འཐུས་མིར་གཟིགས་པ་དང་འབྲེལ་ཁོ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

665223_yis_1569485077995_s.jpg

འདི་ནི་པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་གི་ཕྱི་དབྱིབས་ཡིན་པ།

■ ཀྲུང་གོ་གསར་པའི་ལོ་ངོ་70ནི་ཇི་འདྲའི་འོད་སྟོང་འཕྲོ་བ་ཞིག་མ་ཡིན་ནམ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་བྱས་ཏེ་སྒྲུབ་མི་ཐུབ་པའི་བྱ་བ་རེ་རེ་བཞིན་བསྒྲུབས་པ་དང་ཡིད་ཆེས་པར་དཀའ་བའི་ངོ་མཚར་རེ་རེ་བཞིན་གསར་གཏོད་བྱས་ཡོད། ངོ་མཚར་ནི་བསྒྲུབས་ནས་བྱུང་བ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱང་བསྒྲུབས་ནས་བྱུང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་དང་ཡིད་ཆེས་ཀྱིས་ཁེངས་བཞིན་མུ་མཐུད་འབད་འཐབ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ཡོད། ཀྲུང་གོ་མི་དམངས་ཀྱིས་བསྒྲུབ་ཐུབ་ངེས་དང་ཀྲུང་གོས་བསྒྲུབ་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། རྒྱ་བྱས་གཤོག་རྩལ་ངོམས། མཁའ་དབྱིངས་ཕུགས་འདུན་གྲུབ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ་ཚེས་25ཉིན་གྱི་སྔ་དྲོ་པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས་གནམ་ཐང་བབས་ཚུགས་ལ་གཟིགས་སྐོར་གནང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གནམ་ཐང་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་མཁན་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་ལོ་ལྔ་ཡང་མ་འགོར་བར་སྔོན་གཏན་འཁེལ་བའི་དུས་ཚོད་ནང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་བསྐྲུན་པའི་ལས་འགན་ལེགས་གྲུབ་བྱས་ནས་བདེ་བླག་ངང་སྤྱོད་འགོ་ཚུགས་པ་དེ་ལས། ཀྲུང་གོའི་ལས་གྲྭ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་དང་། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དོན་ཆེན་བསྒྲུབས་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད། ཀྲུང་གོ་གསར་པའི་ལོ་ངོ་70ནི་ཇི་འདྲའི་འོད་སྟོང་འཕྲོ་བ་ཞིག་མ་ཡིན་ནམ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་བྱས་ཏེ་སྒྲུབ་མི་ཐུབ་པའི་བྱ་བ་རེ་རེ་བཞིན་བསྒྲུབས་པ་དང་ཡིད་ཆེས་པར་དཀའ་བའི་ངོ་མཚར་རེ་རེ་བཞིན་གསར་གཏོད་བྱས་ཡོད། ངོ་མཚར་ནི་བསྒྲུབས་ནས་བྱུང་བ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱང་བསྒྲུབས་ནས་བྱུང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་དང་ཡིད་ཆེས་ཀྱིས་ཁེངས་བཞིན་མུ་མཐུད་འབད་འཐབ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ཡོད། ཀྲུང་གོ་མི་དམངས་ཀྱིས་བསྒྲུབ་ཐུབ་ངེས་དང་ཀྲུང་གོས་བསྒྲུབ་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

ཆུ་ཚོད་9དང་སྐར་མ་45ཐོག་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་ཧྥན་ཐའེ་ཆུས་འཁོར་ལམ་འགྲིམ་འགྲུལ་གྱི་ཏ་ཤིན་གནམ་ཐང་ལམ་ཐིག་ཚའོ་ཆའོ་ས་ཚིགས་སུ་ཕེབས་ནས་པེ་ཅིང་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཏ་ཤིན་གནམ་ཐང་ལམ་ཐིག་གཉེར་སྐྱོང་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དང་ལྟེ་བའི་གྲོང་ཁུལ་འབྲེལ་བའི་འཁོར་ལམ་འགྲིམ་འགྲུལ་གྱི་ཆེད་དོན་ལམ་ཐིག་གི་དུས་ཐེངས་དང་པོའི་ལས་གྲྭ་སྤྱི་ལེ་41བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད། ཚའོ་ཆའོ་ས་ཚིགས་ཀྱིས་ས་འོག་ལྕགས་ལམ་ས་ཚིགས་ཀྱི་ནུས་པ་དང་གནམ་ཐང་གི་སྡོད་ས་འདེམས་པའི་ནུས་པ་ཟུང་འབྲེལ་བྱས་ཏེ་འགྲུལ་པ་ཚོར་ས་འོག་ལྕགས་ལམ་ས་ཚིགས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་གནམ་གྲུའི་སྡོད་ས་འདེམས་རྒྱུ་དང་།  རྡོག་ཆས་བདེ་བཤེར། དབོར་འདྲེན་བཅས་བྱེད་ཐུབ་པ་མ་ཟད། གྲོང་ཁྱེར་འགྲིམ་འགྲུལ་དང་གནམ་ཐང་འགྲིམ་འགྲུལ་གཉིས་མཐུད་པས་རྒྱ་ཆེའི་འགྲུལ་པ་ཚོར་ཧ་ཅང་སྟབས་བདེ་སྐྲུན་ཡོད་པ་རེད།

ཚའོ་ཆའོ་ས་ཚིགས་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་འགྲེམས་པང་ལ་གཟིགས་བཞིན་གནས་ཚུལ་ངོ་སྤྲོད་གསན་ཞིང་། ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་ནི་དེང་རབས་གྲོང་ཁྱེར་ཆེ་མོའི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་རེད། འཁོར་ལམ་འགྲིམ་འགྲུལ་འཕེལ་རྒྱས་གཏོང་བ་དེ་ནི་གྲོང་ཁྱེར་ཆེ་མོའི་དཀའ་གནད་ཐག་གཅོད་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད་ལ། ལྗང་མདོག་གྲོང་ཁྱེར་དང་རིག་ནུས་གྲོང་ཁྱེར་བསྐྲུན་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད། པེ་ཅིང་གིས་འཁོར་ལམ་འགྲིམ་འགྲུལ་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཕྱོགས་བསྡུས་དང་། ལྗང་མདོག བདེ་འཇགས། རིག་ནུས་བཅས་ཀྱི་ཕྱོགས་བསྡུས་ཅན་དང་དེང་རབས་ཅན་གྱི་གྲོང་ཁྱེར་འགྲིམ་འགྲུལ་མ་ལག་བསྐྲུན་ནས་རྒྱལ་སྤྱིའི་ཆེས་སྔོན་ཐོན་ཆུ་ཚད་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

དེ་རྗེས། ཞི་ཅིན་ཕིང་འཁོར་ལམ་མེ་འཁོར་ལ་བཞུགས་ནས་པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་ཏེ། ལམ་བར་དུ་འཁོར་ལམ་མེ་འཁོར་ཇུས་འགོད་བཟོ་སྐྲུན་དང་། སྤ་སེའི་རིན་གོང་། རྡོག་ཆས་དབོར་འདྲེན། འགྲིམ་འགྲུལ་ལམ་ཐིག་གཞན་དང་སྦྲེལ་མཐུད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཞི་ཅིན་ཕིང་གིས་གྲོང་ཁྱེར་དེང་རབས་ཅན་གྱི་ཐད་འགྲིམ་འགྲུལ་སྔོན་འགྲོར་བྱས་ཏེ་རྒྱལ་སྤྱིའི་གནམ་ཐང་གི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ལ་ཅིང་ཅིན་ཅིས(པེ་ཅིང་དང་། ཐེན་ཅིན། ཧོ་པེ)འཛམ་གླིང་རིམ་པའི་གྲོང་ཁྱེར་ཚོམ་བུ་དང་། པེ་ཅིང་གི“ལྟེ་བ་བཞི”ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བཅས་དང་སྦྲེལ་མཐུད་བྱས་ནས་ཅིང་ཅིན་ཅིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

སྟོན་དུས་པེ་ཅིང་གི་གནམ་གཤིས་ཚ་གྲང་སྙོམས་ཤིང་ཉི་འོད་འཚེར། ཚ་ཟེར་ཉི་འོད་ཟངས་མདོག་ཅན་གྱི་གནམ་ཐང་བབས་ཚུགས་ཀྱི་ཐོག་ཁར་ཕོག་ནས་གསེར་འོད་ཆེམ་ཆེམ་འཕྲོ་བཞིན་འདུག་ལ། པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་ནི་རྒྱ་བྱ་ཞིག་དང་འདྲ་བར་གཤོག་རྩལ་ངོམས་ནས་ནམ་འཕངས་གཅོད་དང་མཚུངས།

པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཞི་ཅིན་ཕིང་གིས་དང་ཐོག་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སུ་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་གྱི་གནས་ཚུལ་ངོ་སྤྲོད་གསན་ཞིང་། ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་གི་ལེ་ལག་ཐད་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་ནས་གནམ་ཐང་ནང་གཞུང་ལམ་དང་། འཁོར་ལམ་འགྲིམ་འགྲུལ། མྱུར་བགྲོད་ལྕགས་ལམ། གྲོང་ཁྱེར་དབར་གྱི་ལྕགས་ལམ་སོགས་སྐྱེལ་འདྲེན་བྱེད་ཐབས་མང་པོ་ཡོད་ལ། ཕྱི་ངོས་ལེ་ལག་འཛུགས་སྐྲུན་ཐད་འཕྲེད་ལྔ་གཞུང་གཉིས་ཀྱི་འགྲིམ་འགྲུལ་དྲ་བ་བསྐྲུན་ཡོད། ད་ཆ་ཏ་ཤིན་གནམ་ཐང་གི་མྱུར་བགྲོད་དང་། འཁོར་ལམ་འགྲིམ་འགྲུལ་གནམ་ཐང་གི་ལམ་ཐིག་གསར་པ། ཅིང་ཞུང(པེ་ཅིང་དང་། ཞུང་ཨན)གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱི་པེ་ཅིང་དུམ་བུ་སོགས་མཉམ་དུ་ཤར་གཏོང་ཐུབ་ཡོད། ཞི་ཅིན་ཕིང་གིས་གནམ་ཐང་གསར་པའི་ལེ་ལག་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཕྱི་ནང་སྦྲེལ་མཐུད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་པ་དེ་ནི་གནམ་ཐང་འཁོར་སྐྱོད་ལས་ཆོད་མཐོ་རུ་གཏོང་བའི་འགག་རྩ་རེད། སྔོན་ཐོན་དོ་དམ་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་དེ་དོ་དམ་གཉེར་སྐྱོང་གི་རིག་ནུས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ཏ་ཤིན་གནམ་ཐང་བབས་ཚུགས་ནི་ད་ཆ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གནམ་ཐང་བབས་ཚུགས་ཤིག་ཡིན་ཞིང་། དེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བཟོ་སྐྲུན་ཇུས་འགོད་དང་། རྩེར་སོན་པའི་ཨར་སྐྲུན་ལག་རྩལ། སྟབས་བདེའི་འགྲིམ་འགྲུལ་མ་ལག སྔོན་ཐོན་གྱི་ལག་རྩལ་བེད་སྤྱོད་བཅས་ཀྱིས་འཛམ་གླིང་གི་རྩེ་གྲ་མང་པོ་བཏོད་ཡོད། གནམ་ཐང་བབས་ཚུགས་ནང་གི་བར་མཐོངས་ཡངས་ལ་དཀར་ཆ་ལྷག་པར་དོད། ཞི་ཅིན་ཕིང་ཞབས་ཐང་མར་བབས་ཚུགས་ཚོམས་ཆེན་དང་སྡོད་བྱའི་ཚོམས་ཆེན་དུ་ཕེབས་ནས་སྡོད་བྱ་དང་། བདེ་བཤེར། གནམ་གྲུར་འཛེག་པ། དབང་པོ་སྐྱོན་ཅན་གྱི་ཐོགས་མེད་སྒྲིག་ཆས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་བྱེ་གཞོང་དང་འདྲ་གཟུགས་ལ་གཟིགས་ནས་གནམ་ཐང་གི་སྤྱིའི་འཆར་འགོད་དང་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ངོ་སྤྲོད་གསན་པ་རེད། 

ཞི་ཅིན་ཕིང་གིས་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་ནི་རྒྱལ་སྤྱིའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་ཡིན་ལ། ཅིང་ཅིན་ཅིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གྲྭ་གཙོ་བོ་ཞིག་ཀྱང་རེད། ཅིང་ཅིན་ཅིས་ས་ཁུལ་གསུམ་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ལས་གལ་ཆེན་ཡིན། དེ་བས་མང་བ་དང་དེ་བས་སྔོན་ཐོན་གྱི་མཁའ་འགྲུལ་ལྟེ་བ་དང་དེ་བས་འཐུས་སྒོ་ཚང་བའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་ནས་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

སྡོད་བྱའི་སྟེགས་བུའི་མདུན་དུ་ཞི་ཅིན་ཕིང་གིས་རིག་ནུས་ལག་རྩལ་དང་རང་འགུལ་ཤོག་མེད་ཅན་གྱི་རིག་ནུས་སྡོད་བྱའི་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བ་དང་། གནམ་ཐང་གིས་དེང་རབས་ཅན་གྱི་སྒྲིག་བཀོད་སྤྱད་ནས་འགྲུལ་པ་ཚོར་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་སྟངས་དེར་གདེང་འཇོག་གནང་ཞིང་། ཁོང་གིས་སྤུས་ཚད་མཐོ་བའི་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་བསྐྲུན་དགོས་ལ། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་གཉེར་སྐྱོང་བྱེད་དགོས། ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་འདི་ཉིད་རྒྱལ་སྤྱིའི་དུས་བདེའི་གནམ་ཐང་དང་། ལྗང་མདོག་གནམ་ཐང་། རིག་ལྡན་གནམ་ཐང་། མི་ཆོས་རིག་གནས་གནམ་ཐང་བཅས་རྩེ་གྲ་ཞིག་ཏུ་བསྐྲུན་དགོས་ལ་འཛམ་གླིང་རིམ་པའི་མཁའ་འགྲུལ་ལྟེ་བར་བསྐྲུན་ཏེ། འཛམ་གླིང་ལ་ཀྲུང་གོའི་མི་དམངས་ཀྱི་བློ་གྲོས་སྟོབས་ཤུགས་དང་ཀྲུང་གོའི་སྒོ་དབྱེ་དང་། བསྟུན་མཁས། ཞི་བདེ། མཉམ་ལས་བཅས་ཀྱི་ཁོག་ཡངས་ཆེན་པོ་མངོན་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

གནམ་ཐང་སྤྱོད་འགོ་ཚུགས་པའི་མཛད་སྒོ་གནམ་ཐང་མཉམ་བཤེར་ཚོམས་ཆེན་དུ་འཚོགས་ཤིང་། ཆུ་ཚོད་11པར་སྙན་འཇེབས་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་ཞབས་ཐང་མར་མཛད་སྒོ་འཚོགས་ཡུལ་དུ་ཕེབས་སྐབས་ཚང་མ་ཡར་ལངས་ནས་དགའ་བསུ་ཞུས་པ་རེད།

ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་རྒྱལ་སའི་གནམ་ཐང་ཚོགས་པ་ཀུང་སིར་པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་སྤྱོད་པའི་ཆོག་འཐུས་ལག་ཁྱེར་སྤྲད་པ་རེད།

ཆུ་ཚོད་11དང་སྐར་མ་28ཐོག་ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

མཛད་སྒོ་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་གནམ་ཐང་གི་རྒྱལ་སྤྱིའི་རྡོག་ཐོན་ཚོགས་ཆེན་དུ་ཕེབས་ནས་གནམ་ཐང་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་མཁན་ལས་དོན་མི་སྣའི་འཐུས་མིར་གཟིགས་ཤིང་། ཞི་ཅིན་ཕིང་གིས་ཚང་མར་ཕྱག་བཏང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གནམ་ཐང་འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ནང་ཞུགས་མཁན་བློ་མཐུན་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ་དང་འཛུགས་སྐྲུན་གྱི་ལས་ཡུན་ཐུང་བ། ཨར་རྒྱག་དཀའ་ཚེགས་ཆེ་བ་བཅས་ཡོད་རུང་འཛུགས་སྐྲུན་པ་ཡོངས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་ཐུན་མོང་འབད་བརྩོན་འོག་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ལེགས་སྒྲུབ་བྱས་ནས་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་སྤུས་ལེགས་ཀྱི་ལས་གྲྭ་དང་། དཔེ་མཚོན་གྱི་ལས་གྲྭ དུས་བདེའི་ལས་གྲྭ སྤྱོད་གཙང་གི་ལས་གྲྭ་བཅས་སུ་བསྐྲུན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོག་བརྩེགས་ཁང་ཆེན་ནི་སོ་ཕག་རེ་རེ་ལས་གྲུབ་པ་ཞིག་ཡིན། མི་དམངས་ནི་དཔའ་བོ་དངོས་འབྲེལ་ཡིན། ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་ལས་ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་ཆེན་པོ་དང་། འཛམ་གླིང་གི་མིག་རྒྱང་། འཐབ་ཇུས་ཀྱི་མིག་རྒྱང་བཅས་མངོན་ཡོད་ལ། མི་རིགས་ཀྱི་སྙིང་སྟོབས་དང་དེང་རབས་ཆུ་ཚད་ཀྱི་རྒྱལ་ཁབ་ཆེན་པོའི་བཟོ་བོའི་ཉམས་འགྱུར་མངོན་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་རྒྱ་ཆེའི་འཛུགས་སྐྲུན་པ་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཡང་འབད་བསྐྱར་འབད་དང་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་ཐུགས་རེ་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ཟླ་12པར་པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་སྐྲུན་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ལས་གྲྭ་དེ་གཙོ་བོ“འཕྲེད་གསུམ་གཞུང་གཅིག”གི་རྒྱུག་ལམ་4དང་། སྨི་ངོས་གྲུ་ཁྲི་70ཡི་གནམ་གྲུ་འབབ་ཚུགས། གནམ་གྲུ་འཇོག་ས་268དང་། དེ་བཞིན་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་བཅས་བསྐྲུན་ཡོད། 2018ལོའི་ཟླ་12པར་འཕུར་སྐྱོད་ཁུལ་གྱི་རྒྱུག་ལམ་4ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། འཕུར་སྐྱོད་ཚོད་ལྟའི་ལས་དོན་2019ལོའི་ཟླ་2པར་བདེ་བླག་ངང་ལེགས་གྲུབ་ཐུབ་ཡོད། གནམ་ཐང་འཛུགས་སྐྲུན་ཐད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དང་རང་བརྟེན་གསར་གཏོད་ལ་གཞིགས་པ། ཁེ་བེད་བདག་ཐོབ་གསར་པ་དང་། ལག་རྩལ་གསར་པ། བཟོ་རྩལ་གསར་པ། ལས་དོན་གྱི་བྱེད་ཐབས་གསར་པ་བཅས་རྣམ་གྲངས་མང་པོ་གསར་སྤེལ་བེད་སྤྱོད་བྱས་པར་བརྟེན་འཛུགས་སྐྲུན་དམིགས་ཚད་འཛམ་གླིང་གི་རྩེ་གྲར་སླེབས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།