ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་ལ་གཟིགས་སྐོར་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-09-25 11:44:38

■ ལོ་ངོ་70ཡི་རྗེས་སླར་ཡང་ཐོན་འགོ་ཚུགས་པ་དང་ད་ཆ་སླར་ཡང་འགོ་ནས་སྐྱོད་འགོ་ཚུགས། ཀྲུང་གོ་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ལོ་རྒྱུས་དང་། གནམ་ས་གཡོ་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས། རྩ་ཤིན་ཏུ་ཆེ་བའི་ཉམས་མྱོང་དང་བློ་འབྱེད་བཅས་འགྲེམས་སྟོན་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། རྡོག་རྩ་གཅིག་སྒྲིལ་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྒྲུབ་པ་བཅས་ཀྱི་ཆེད་དུ་འབད་འབུངས་ལྷོད་མེད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།

664176_yis_1569298076250.jpg

འདི་ནི་ཟླ་9ཚེས་23ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྱིས“རླབས་ཆེའི་ལོ་རྒྱུས་ལམ་བུ། འོད་སྟོང་འབར་བའི་གྲུབ་འབྲས —— ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས”ལ་གཟིགས་སྐོར་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་23ཉིན་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ཏེ། “རླབས་ཆེའི་ལོ་རྒྱུས་ལམ་བུ། འོད་སྟོང་འབར་བའི་གྲུབ་འབྲས——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམས་སྟོན་ཆེ་གྲས”ལ་གཟིགས་སྐོར་གནང་བ་རེད། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་རང་རེའི་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཤིང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་ཉེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་བར་དུ་འཁོད་པའི་མི་ཡུལ་གྱི་ངོ་མཚར་བྱས་རྗེས་རབ་དང་རིམ་པ་བཞག་པ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་འགྱུར་བ། སྟོབས་ཆེར་འགྱུར་བ་བཅས་ཀྱི་རླབས་ཆེའི་མཆོང་སྐྱོད་བསུས་ཡོད། ལོ་ངོ་70ཡི་རིང་རང་རྒྱལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མ་གཏོགས་ཀྲུང་གོར་འགོ་ཁྲིད་བྱེད་མི་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ། སྒྱུར་བཅོས་སྒོ་དབྱེས་མ་གཏོགས་ཀྲུང་གོ་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས། མར་ཁེ་སི་རིང་ལུགས་འཕེལ་རྒྱས་བཅས་གཏོང་མི་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱིས་མ་གཏོགས་ཀྲུང་གོ་འདི་ཉིད་དར་རྒྱས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་མི་ཐུབ་པ་བཅས་ར་འཕྲོད་གང་ལེགས་ཐུབ་ཡོད། ལོ་ངོ་70ཡི་རྗེས་སླར་ཡང་ཐོན་འགོ་ཚུགས་པ་དང་ད་ཆ་སླར་ཡང་འགོ་ནས་སྐྱོད་འགོ་ཚུགས། ཀྲུང་གོ་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་འཕེལ་རྒྱས་ལོ་རྒྱུས་དང་། གནམ་ས་གཡོ་བའི་འོད་སྟོང་འཕྲོ་བའི་གྲུབ་འབྲས། རྩ་ཤིན་ཏུ་ཆེ་བའི་ཉམས་མྱོང་དང་བློ་འབྱེད་བཅས་འགྲེམས་སྟོན་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། རྡོག་རྩ་གཅིག་སྒྲིལ་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྒྲུབ་པ་བཅས་ཀྱི་ཆེད་དུ་འབད་འབུངས་ལྷོད་མེད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་10ཡོལ་ཙམ་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གསར་འབྱེད་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་སྐོར་བརྗོད་དོན་གཙོ་བོར་བྱས་པ་དང་། ལོ་རིམ་ལོ་རྒྱུས་སྒྲིག་ལུགས་གཙོ་བོར་བྱས་པ། ཆ་ཤས་5བཀོད་སྒྲིག་དང་ཇུས་འགོད་བྱས་པ་དང་སྦྲགས། སྐབས་རིམ་བྱུང་གི་ཏང་གི་འཐུས་མི་ཚོགས་ཆེན་དང་། ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་གལ་ཆེན། ལོ་ལྔ་ཚན་གྱི་འཆར་འགོད(འཆར་གཞི)སོགས་ཐད་ཀྱི་བར་བརྒལ་དུས་མཚམས་གཙོ་བོར་བྱས་པ། “ཀྲུང་གོ་གསར་པའི་ཨང་དང་པོ”150བདམས་ནས་འགྲེམས་སྟོན་བྱས་པ། ལོ་བཅུ་རེའི་མཚམས་སུ་དཔའ་བོ་དཔེ་བཟང་མི་སྣའི་སྒྲོམ་སྟེགས་བཀོད་སྒྲིག་བྱས་པ། སྒྲ་འོད་གློག་སོགས་བརྒྱུད་ལམ་སྣེ་མང་གི་ཚན་རྩལ་འགྲེམས་སྟོན་བྱ་ཐབས་གང་ལེགས་སྤྱད་དེ། ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་རྣམ་པར་བརྟེན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་འབད་འབུངས་ཆེར་སྐྱེད་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་མངོན་འགྱུར་བྱས་པའི་རླབས་ཆེན་གྱི་མཆོང་སྐྱོད་མངོན་པར་བྱས་པ། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བྱ་བ་ཆེན་པོ་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གསལ་པོར་མངོན་པར་བྱས་པ། ལོ་ངོ་70ཡི་རིང་ཀྲུང་གོ་གསར་པར་འཕོ་འགྱུར་ཆེན་པོ་བྱུང་བའི་རྒྱབ་ཀྱི་གནས་ལུགས་ཟབ་མོ་ཞིབ་པར་བསྟན་པ་བཅས་བྱས་ཡོད།

རྒྱལ་ཁབ་དབུ་བརྙེས་པའི་མཛད་ཆེན་གྱི་ལོ་རྒྱུས་དུས་ཚོད་བཀོད་པའི་བརྙན་ལམ་དང་། ཀྲུང་གོ་གསར་པས་བསྐྲུན་པའི་ལྕགས་ལམ་ཐོག་མ་སྟེ་ཁྲེན་ཏུའུ་ནས་ཁྲུང་ཆིང་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པར་དྲན་གསོ་ཞུ་བའི་འབུར་བརྐོས། མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་དབང་ཆ་ཡོངས་རྫོགས་སླར་གསོ་བྱས་པའི་སྐད་ཅིག་མ་དེ་བཀོད་པའི་པར་རིས། 1977ལོར་མཐོ་རྒྱུགས་སླར་གསོ་བྱས་པ་ནས་བཟུང་མི་རབས་མང་པོའི་ལས་དབང་ལ་འགྱུར་ལྡོག་བྱུང་བ་མཚོན་པའི་སྣང་ཚུལ། ཨན་ཧུའེ་ཡི་ཞའོ་ཀང་གྲོང་ཚོའི་ཞིང་པ་དུད་ཚང་18ཀྱིས“འགན་གཙང་ཆེན་པོའི”གན་རྒྱའི་ཐོག་མཛུབ་ཐེར་དམར་པོ་བརྒྱབ་པ་མཚོན་པའི་པར་རིས། ཧྲང་ཧའེ་ཡི་ཧྥུའུ་ཏུང་གསར་སྤེལ་དང་སྒོ་མོ་ཕྱེ་བ་བརྒྱུད་རྣམ་པ་གསར་རྐྱང་དུ་གྱུར་པ་མཚོན་པའི་བརྙན་ལམ། 1998ལོའི་འབྲུབ་འགོག་ཉེན་འགོག་ཁྲོད་དམངས་སེམས་གཅིག་མཐུན་དང་བློ་སྟོབས་གཅིག་སྒྲིལ་བྱས་པ་མཚོན་པའི་རྣམ་པ། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་གཟབ་རྒྱས་ཀྱི་རྣམ་པ་སླར་ཡང་མཚོན་པའི་འོད་བརྙན་ཇུས་འགོད། ཀྲུང་གོས་རང་བརྟེན་ཞིབ་སྤེལ་བྱས་པའི་བར་རྡུལ་མྱུར་མོའི་འགྱུར་འབྱུང་ཕུང་གཟུགས་ཐོག་མའི་འདྲ་བཟོས་དཔེ་དབྱིབས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱ་རིམ་མཚོན་པའི་གསལ་བཤད། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཚོན་པའི་གྲུབ་འབྲས། “རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”གསོན་ཉམས་དོད་པའི་ལག་ལེན་མཚོན་པའི་བྱེ་གཞོང་། དམག་དཔུང་སྟོབས་ཆེན་དམིགས་ཚད་ཀྱི་ཁྲིད་སྟོན་འོག་མི་དམངས་དམག་དཔུང་གི་དཔོན་དམག་གིས་དཔའ་ངར་ཞུམ་མེད་ངང་མདུན་སྐྱོད་བྱས་པ་མཚོན་པའི་འགྲེམས་པང་། དབུལ་སྒྲོལ་འགག་སྒྲོལ་ལ་འཕེལ་རྒྱས་གསར་པ་བྱུང་བ་མཚོན་པའི་དངོས་ལྗོངས། ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་པའི་ས་བཀྲ ཟླ་བའི་གོ་ལའི་མོ་ཊ་དང“གནམ་མིག”སོགས་ཀྱི་འདྲ་བཟོས་དཔེ་དབྱིབས། འཛམ་གླིང་ཐོག་གི་མཚོ་སྒྲོལ་ཟམ་ཆེན་རིང་ཤོས་ཏེ་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་འདྲ་བཟོས་དཔེ་དབྱིབས། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་མཚོན་པའི་འགྲེམས་པང་ལ་སོགས། འགྲེམས་སྟོན་ཁྱམས་རིང་དེ་དུས་ཚོད་ཀྱི་ཕུག་ལམ་དང་འདྲ་ཞིང་། པར་རིས་ཀྱི་འགྲེམས་པང་རེ་རེ་དང་། འདྲ་བཟོས་དཔེ་དབྱིབས་རེ་རེ། བརྙན་ལམ་གྱི་དཔྱད་གཞི་རེ་རེ། ཕན་ཚུན་མཉམ་འགུལ་དང་མྱོང་ལེན་རེ་རེ་བཅས་ཀྱིས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱི་ཡིད་དབང་འཕྲོག་ཅིང་། ཁོང་རྣམ་པས་ཕེབས་མཚམས་བཞག་ནས་གཟིགས་པ་དང་། འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད།

--    --

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།