ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-09-07 18:28:54

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་གཟེངས་བསྟོད་བྱེད་པའི་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཡང་ཞུས་པ་རེད། 

ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་སྐབས་འདིར་ཀྲུང་དབྱང་བསམ་པའི་དཔལ་ཡོན་ལས་དོན་མཛུབ་ཁྲིད་ཨུ་ལྷན་གྱིས་སྐབས་གསར་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དཔྱད་འདེམས་དང་གཟེངས་བསྟོད་བྱས་པ་དེས་དར་སྲོལ་གསར་པ་སྲོལ་གཏོད་དང་། དྲང་ནུས་དར་སྤེལ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་དགེ་བརྩོན་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད། 

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་ལུས་ཐོག་ནས་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་ལེགས་སྐྱེས་འབུལ་བའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་དང་། འབད་བརྩོན་ལྷོད་མེད་དང་འབད་འབུངས་མདུན་སྐྱོད་ཀྱི་འབད་འཐབ་སྙིང་སྟོབས། བཟང་བཀུར་དགེ་སྒྲུབ་ཀྱི་བླ་ན་མེད་པའི་བསམ་བློ་བཅས་མངོན་ཡོད། ཀུན་སྤྱོད་དཔེ་བཟང་བའི་སྔོན་ཐོན་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་། ཀུན་སྤྱོད་དཔེ་བཟང་བའི་བླ་ན་མེད་པའི་གཤིས་རྒྱུད་དར་སྤེལ་གཏོང་བ། མི་རྣམས་ཀྱིས་ཀུན་སྤྱོད་དཔེ་བཟང་བར་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་བླ་ན་མེད་པའི་ཀུན་སྤྱོད་ལག་ལེན་བསྟར་མཁན་དང་། ཤེས་དཔལ་དར་སྲོལ་སྲུང་སྐྱོང་བྱེད་མཁན། མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་མཁན་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་ཡ་རབས་ཀུན་སྤྱོད། མི་སྒེར་གྱི་ཀུན་སྤྱོད་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་ཟབ་ཏུ་གཏོང་བ། མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་མཁན་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་ཤུགས་ཆེན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཉི་འོད་ཀྱིས་མི་ཡུལ་ལ་དྲོ་སྐྱིད་སྦྱིན་པ་དང་། ཤེས་དཔལ་སྦྲང་ཆར་ཟིལ་མས་སྤྱི་ཚོགས་ཀྱི་ཞིང་ས་བརླན་པར་བྱས་ནས་དུས་རབས་གསར་པར་མདུན་སྐྱོད་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན་ཆེད་སྟོབས་དང་ལྡན་པའི་བསམ་པའི་སྟོབས་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།  ཚེས་5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་བཞུགས་མོལ་ཚོགས་འདུ་སྐབས་བདུན་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཐོབ་མཁན་འཐུས་མིར་མཇལ་འཕྲད་གནང་བ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་མཇལ་འཕྲད་ལ་ཞུགས་པ་མ་ཟད། བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྒྲོག་སྦྱངས་ཀྱང་གནང་བ་རེད། དེ་རྗེས་ཁོང་གིས་གསུང་བཤད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་མཁན་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུར་དམིགས་ནས་མིག་དཔེའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་དང་། ཀུན་སྤྱོད་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔེ་མཚོན་དཔེ་བཟང་བ་ཟམ་མི་ཆད་པར་ཐོན་པ་དང་ཤེས་དཔལ་དར་སྲོལ་གསར་པ་ས་ཕྱོགས་གང་སར་ཁྱབ་པ་བྱེད་དགོས་ཞེས་གསུངས་པ་རེད། 

བཞུགས་མོལ་ཚོགས་འདུའི་ཐོག་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་བྱས་ཤིང་། ཀྲང་ཕུའུ་ཆིང་སོགས་བློ་མཐུན་58ལ་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཀྲང་ཅ་ཤིན་སོགས་བློ་མཐུན་257ལ་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ་པ་རེད། སྐབས་བདུན་པའི་རྒྱལ་ཡོངས་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་དཔེ་བཟང་བ་ཧུའུ་པེ་ཞིང་ཆེན་དམག་ཁུལ་ཁང་ཝུའུ་ཧན་ལས་བྲལ་ལས་བྱེད་པའི་ལུས་གསོ་ཁང་ཨང་བདུན་པའི་ལས་བྲལ་ངལ་གསོ་ལས་བྱེད་པ་མཱ་ཤུན་དང་། སྐབས་བདུན་པའི་རྒྱལ་ཡོངས་ལས་བཀུར་ལེགས་སྐྱེས་ཀྱི་དཔེ་བཟང་བ་སི་ཁྲོན་མཁའ་འགྲུལ་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་འཕུར་སྐྱོད་པ་ལིའུ་ཁྲོན་ཅན། སྐབས་དྲུག་པའི་རྒྱལ་ཡོངས་ལས་བཀུར་ལེགས་སྐྱེས་ཀྱི་དཔེ་བཟང་བ་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་ཧྲོའོ་དབྱི་ཕུའུ་སྨན་ཁང་གི་མིག་ནད་ཚན་ཁག་གི་ཀྲུའུ་རེན་ཡའོ་ཡུས་ཧྥུང་བཅས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོས་ཁག་སོ་སོར་གཏམ་བཤད་སྤེལ་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།