ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཧྲོའུ་ཉིང་རྫོང་ཤཱ་ཏང་ཤང་གི་ཡུལ་མི་སྤུན་ཟླ་ཚོར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-08-08 16:54:39

ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཧྲོའུ་ཉིང་རྫོང་ཤཱ་ཏང་ཤང་གི་ཡུལ་མི་སྤུན་ཟླ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོ་དབུལ་པོའི་གནས་ལས་གྲོལ་བར་རྟེན་འབྲེལ་ཞུས་གནང་བ་མ་ཟད་ཁོང་ཚོར་ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་འབིགས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་དགོས་པའི་སྐུལ་ལྕག་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཤཱ་ཏང་དབུལ་པོའི་གནས་ལས་གྲོལ་བ་དང་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བ་ཤེས་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཚང་མར་སེམས་གཏིང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས“རི་ཡི་རི་མགོ་གནམ་ལ་ཐུག ལ་དགུ་འཛེགས་པར་ལོ་དགུ་འགོར” “ཤཱ་ཏང་དུ་གསུམ་སྤེལ”ལ་སྐྱོད་སྐབས་ཀྱི་སྣང་ཚུལ་ད་ལྟའང་ངའི་མིག་ལམ་དུ་འཆར་གྱི་འདུག ལོ་30རིང་གི་འབད་བརྩོན་ལྷོད་མེད་བརྒྱུད་ཤཱ་ཏང་གི་རང་བྱུང་འོབས་ཆེན་བདེ་བགྲོད་ལམ་བུར་གྱུར་པ་དང་རྣམ་པ་རྙིང་པ་གསར་རྐྱང་དུ་གྱུར་པ་མ་ཟད། ཡུལ་མི་སྤུན་ཟླ་ཚོར་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་སྔར་བས་ཆེ་བ་ཡོད་པའི་གསོན་ཉམས་དོད་པའི་རྣམ་པ་འདི་ལས་བྱ་རྟུལ་སྔོན་ལ་འཕུར་བ་དང་ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་འབིགས་པའི་གནས་ལུགས་ར་འཕྲོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཡུལ་མི་སྤུན་ཟླ་ཚོས་ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་འབིགས་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་དད་སེམས་བརྟན་དུ་གཏོང་བ་དང་། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་ཏེ་ཧྥུའུ་ཅན་ཤར་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་ཏུ་ཧུར་ཐག་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཤཱ་ཏང་ཤང་ནི་ཧྥུའུ་ཅན་ཤར་རྒྱུད་ཀྱི་ཉིང་ཏེའི་རི་སུལ་དུ་གནས་ཤིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ལའང་ཤང་དེ་ཡོངས་སུ་གཞུང་ལམ་གཅིག་ཀྱང་མེད་པས་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བར་བརྟེན“རི་ཡི་རི་མགོ་གནམ་ལ་ཐུག ལ་དགུ་འཛེགས་པར་ལོ་དགུ་འགོར”ཞེས་པའི་ཤོད་སྲོལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས་ཤཱ་ཏང་དུ་གསུམ་སྤེལ་གྱིས་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་མྱོང་། ཕེབས་ཐེངས་དང་པོ་ནི་1989ལོའི་ཟླ་7ཚེས་19ཉིན་ཡིན་ཞིང་། སྐབས་དེ་དུས་ཉིང་ཏེ་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་གིས་རླངས་འཁོར་ལ་ཆུ་ཚོད་3དང་ཞབས་ཐང་དུ་ཆུ་ཚོད་2ལྷག་ཙམ་ཕེབས་ཏེ་ཚ་གདུག་ལ་མ་འཛེམ་པར་ཤཱ་ཏང་ཤང་དུ་དབུལ་པོར་བདེ་སྡུག་འདྲི་བ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རོགས་གནང་ཡོད། ཉེ་ཆར། ཡུལ་མི་སྤུན་ཟླ་ཚོའི་མངགས་བཅོལ་ལྟར་ཤཱ་ཏང་ཤང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་6གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་ཤཱ་ཏང་གི་དབུལ་གྲོལ་གཏམ་བཟང་སྙན་སེང་ཞུས་པ་མ་ཟད་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་ཐུགས་རྗེ་ཆེ་ཞུ་སེམས་ཀྱང་མཚོན་པར་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།