ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཝུན་ཤིའུ་ཡི་སྔོན་ཐོན་མཛད་རྗེས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-07-03 18:07:44

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཝུན་ཤིའུ་ཡི་སྔོན་ཐོན་མཛད་རྗེས་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། བློ་མཐུན་ཧོང་ཝུན་ཤིའུ་སྟབས་མ་ལེགས་པར་སྐུ་གཤེགས་པ་ནི་མི་རྣམས་བློ་ཕམ་སྐྱེ་དགོས་པ་ཞིག་ཡིན་པས། ཁོང་གི་ནང་མིར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས་བློ་མཐུན་ཧོང་ཝུན་ཤིའུ་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་གྲོང་ཁྱེར་དུ་ལས་ཀ་བྱེད་པའི་གོ་སྐབས་དོར་ནས་བློ་ཐག་ཆོད་པོས་ཕ་ཡུལ་དུ་ལོག་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་སེམས་ནུས་ཡོད་རྒུས་ཞུགས་པ་དང་། རང་ཉིད་ཀྱི་ཡོད་ཚད་ལེགས་སྐྱེས་སུ་ཕུལ་ཞིང་། མཛེས་སྡུག་ལྡན་པའི་ལང་ཚོར་བརྟེན་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་བསྒྲུབས་ནས། དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་ཤིག་བརྩམས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་བློ་མཐུན་ཚོས་བློ་མཐུན་ཧོང་ཝུན་ཤིའུ་མིག་དཔེར་བཟུང་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་འབུལ་ཐུབ་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

བློ་མཐུན་ཧོང་ཝུན་ཤིའུ་སྐུ་འཚོ་བཞུགས་སྐབས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་པའེ་སེ་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་རེད། 2016ལོར་ཁོང་པེ་ཅིང་དགེ་འོས་སློབ་གྲྭ་ཆེ་མོའི་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཕ་ཡུལ་པའེ་སེར་ཕྱག་ལས་གནང་བར་ལོག་ཕེབས། 2018ལོའི་ཟླ་གསུམ་པར་བློ་མཐུན་ཧོང་ཝུན་ཤིའུ་ཡིས་རྩ་འཛུགས་ཀྱི་འབོད་སྐུལ་དང་དུ་བླངས་ནས་ལེ་ཡེ་རྫོང་པའེ་ཉི་གྲོང་ཚོར་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་བཞེས་ཤིང་། དཀའ་སྤྱད་འབད་འཐབ་གནང་ནས་དུད་ཚང་དབུལ་པོ་88དང་། མང་ཚོགས་དབུལ་པོ་418དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་མཛད་པས་གྲོང་ཚོ་ཡོངས་སུ་དབུལ་པོ་ཐོན་ཚད་20%ཡན་ཆག་ཡོད་པ་རེད། 2019ལོའི་ཟླ་6ཚེས་17ཉིན་གྱི་ཐོ་རེངས་ཁོང་པའེ་སེ་ནས་ལེ་ཡེར་ལོག་ཕེབས་པའི་ལམ་བར་དུ་ཆུ་ལོག་གི་གནོད་འཚེ་ཐོན་ནས་སྟབས་མ་ལེགས་པར་སྐུ་གཤེགས་པ་དང་། ལོ་30ལས་སོན་མེད་པའི་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།