ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་དགོས་ལུགས་བཏོན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

| 2019-02-21 10:27:02

▶ “ཞིང་གསུམ”ལས་བྱེད་པ་བཀོད་སྒྲིག་ཐད་སྔོན་ལ་བསམ་གཞིག་དང་།

▶ “ཞིང་གསུམ”འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་གི་དགོས་མཁོ་སྔོན་ལ་སྐོང་བ།

▶ “ཞིང་གསུམ”གྱི་མ་དངུལ་གཏོང་ཆ་སྔོན་ལ་འགན་ལེན་བྱེད་པ།

▶ གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་སྔོན་ལ་བཀོད་སྒྲིག་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། དུས་རབས་21ཚུན་དུ“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐེངས་བཅུ་དྲུག་པ་དེ་ཚེས་19ཉིན་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་ཆ་ཐོབ་པ་བཞིན་ཡོངས་བསྒྲགས་བྱས་པ་རེད།

《ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་བཏང་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》ཅེས་འགོ་བརྗོད་དུ་འཁོད་པའི་ཡིག་ཆ་དེ་ཁྱོན་ཁག་8ལ་དབྱེ་ཡོད་པའི་ནང་། གནད་སྨིན་གྱི་ཐབས་ཇུས་ལག་ལེན་བསྟར་རྒྱུར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཞིང་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཞིང་ལས་ཐོན་ཟོག་གལ་ཆེན་མཁོ་སྤྲོད་ནུས་ལྡན་བྱ་རྒྱུ་འགན་ལེན་བྱེད་པ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་བཏང་ནས་ཞིང་པར་འབབ་འཕར་ཡོང་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། གྲོང་གསེབ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། གྲོང་གསེབ་བཅོས་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་གསེབ་ཀྱི་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱས་ནས་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྤྱིའི་བྱེད་ཕྱོགས་དོན་འཁྱོལ་བྱེད་རྒྱུ་བཅས་ཚུད་ཡོད་པ་རེད།

ཡིག་ཆའི་ནང་འདི་ལོ་དང་སང་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་ཡིན་པས“ཞིང་གསུམ”ཁྱབ་ཁོངས་སུ་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི་ལྡོག་མེད་ཀྱི་ལས་འགན་མི་ཉུང་བ་ཞིག་འཕྲད་ཡོད་སྟབས་ངེས་པར་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་། ཡིད་ཆེས་བརྟན་གཏོང་། ལས་ཀ་དོན་འཁྱོལ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་བཟང་པོ་སྲ་བརྟན་གོང་འཕེལ་གཏོང་བ་མ་ཟད།“ཞིང་གསུམ”གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པའི་རང་འགུལ་དབང་ཆ་ཐོབ་པ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་ཡོང་བར་རྨང་གཞི་འདིང་དགོས་ཞེས་བཏོན་ཡོད།

ཡིག་ཆའི་ནང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་སྟོན་ཕྱོགས་བརྟན་པོ་ཡོང་བ་བྱེད་པར“ཞིང་གསུམ”ལས་བྱེད་པ་བཀོད་སྒྲིག་ཐད་སྔོན་ལ་བསམ་གཞིག་བྱས་ཏེ་ཕུལ་བྱུང་གི་ལས་བྱེད་པ“ཞིང་གསུམ”གྱི་འཐབ་ས་དང་སྟོབས་ཤུགས་ཧྲག་པོ་གཞི་རིམ་གྱི་འཐབ་ས་དང་པོར་བཀོད་སྒྲིག་བྱེད་པ་དང་། “ཞིང་གསུམ”འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་གི་དགོས་མཁོ་སྔོན་ལ་སྐོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་རང་མོས་འཁོར་རྒྱུག་དང་འདྲ་མཉམ་བརྗེ་རེས་ལ་འགོག་རྐྱེན་བཟོ་བའི་སྒྲིག་གཞི་དང་ལམ་སྲོལ་གྱི་མཁར་རྫོང་མཐའ་གཅིག་ཏུ་མེད་པ་བཟོས་ཏེ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་གྲོང་གསེབ་ཀྱི་འཁོར་རྒྱུག་ཕྱོགས་སུ་འགྱུར་རྒྱུར་སྐུལ་མ་གཏོང་བ། “ཞིང་གསུམ”གྱི་མ་དངུལ་གཏོང་ཆ་སྔོན་ལ་འགན་ལེན་བྱས་ནས་ཞིང་ལས་དང་གྲོང་གསེབ་དེ་ནོར་སྲིད་ཀྱིས་སྔོན་ལ་འགན་ལེན་བྱེད་པའི་ཁྱབ་ཁོངས་དང་དངུལ་རྩས་སྔོན་ལ་ཞབས་ཞུ་སྒྲུབ་པའི་ཁྱབ་ཁོངས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་པའི་ནོར་སྲིད་དེ་སྔར་བས“ཞིང་གསུམ”ལ་ཕྱོགས་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་སྔོན་ལ་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་གཅིག་གྱུར་དང་ལམ་ལུགས་ཆ་སྒྲིག་ཡོང་བར་སྐུལ་མ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བར་བླང་བྱ་དམིགས་སར་དོན་འཁྱོལ་ཐུབ་མིན་དེ་གྲོང་གསེབ་ཀྱི་ལས་ཀའི་ལྡོག་མེད་ལས་འགན་དུས་བཀག་ཐོག་ལེགས་འགྲུབ་ཐུབ་མིན་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུའི་དམིགས་ཚད་མངོན་འགྱུར་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དེ“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་དོན་ཆེན་ཨང་དང་པོར་བརྩིས་ནས“ཞིང་གསུམ”ལས་དོན་སྐོར“ཤོད་སྐབས་གལ་ཆེར་བརྩི་བ་དང་། སྒྲུབ་སྐབས་སྣང་ཆེན་མི་བྱེད་པ། བྲེལ་སྐབས་སྣང་མེད་དུ་འཇོག་པའི”སྣང་ཚུལ་ལ་འགྱུར་ལྡོག་བཏང་ནས་ལས་བྱེད་པ་བཀོད་སྒྲིག་དང་། རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག མ་དངུལ་གྱི་གཏོང་ཆ། སྤྱི་པའི་ཞབས་ཞུ་སོགས་ཐད“གཟིགས་སྐྱོང”གང་ལེགས་མངོན་པར་བྱས་ནས་ཏན་ཏིག་གཟབ་ནན་དང་དངོས་འབྲེལ་མཐོང་རྒྱུ་ཡོད་པ་བྱེད་དགོས་ཞེས་བརྗོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།