ཝུའུ་དབྱིང་ཅེས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 11:39:07

QQ截图20190220100042.png

སྐྱ་སྐྱ་གྲོང་རྡལ་ཧོར་པའི་ལུག་གསོ་ཚགས་རྟེན་གཞིར་ཝུའུ་དབྱིང་ཅེས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་ཞིང་འབྲོག་ལས་འཕེལ་རྒྱས་དང་མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་པའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། 

རང་ལྗོངས་ནི་ཀྲུང་དབྱང་གིས་གཏན་འབེབས་གསལ་པོ་གནང་བའི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལས་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་དམིགས་ཚད་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐུབ་པ་བྱ་ཆེད། ཚེས་18ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆེད་མངགས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་ཕེབས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། མང་ཚོགས་དབུལ་པོ་དང་གཞི་རིམ་གྱི་དབུལ་སྐྱོར་ལས་དོན་པར་གཟིགས་པ་མ་ཟད། འཚམས་འདྲིའང་བ་རེད།   

ས་དགའ་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་དགུའི་གྲས་ཤིག་ཡིན་པས། རང་བྱུང་ཁོར་ཡུག་དམིགས་བསལ་དང་། གྲང་ངར་ཆེ་ལ་ས་བབ་མཐོ་བ། དབུལ་པོའི་གཞི་ཁྱོན་ཆེ་ལ་དབུལ་སྒྲོལ་དཀའ་ངལ་ཆེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་འགོ་ཚུགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ས་དགའ་རྫོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བསྟར་ནས། ལོ་གསུམ་ལྷག་ཙམ་རིང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་པ་བརྒྱུད། སྔ་རྗེས་སུ་དུད་ཚང་603གྱི་མི་2227དབུལ་སྒྲོལ་ཐུབ་པ་དང་དབུལ་པོ་ཐོན་ཚད་26.5%ནས་10.5%བར་ཆག་ཡོད། བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ས་དགའ་རྫོང་གི་ལས་བྱེད་ལས་བཟོར་བྱམས་བརྩེའི་ངང་བཞུགས་མོལ་གནང་སྟེ། ས་དགའ་རྫོང་གི་ལས་དོན་ཁག་དང་ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ས་དགའ་རྫོང་གི་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས་ད་ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱིས་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པའི་ཁྱབ་བསྒྲགས་བྱེད་མཁན་རེད། དེར་བརྟེན། གཞིས་རྩེ་གྲོང་ཁྱེར་དང་ས་དགའ་རྫོང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་དང་། འགོ་ཁྲིད་ཀྱི་སེམས་ནུས་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ་མཐའ་འཁྱོངས། ལས་ཀའི་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་ལ་གཅིག་སྡུད་བྱེད་པ་མཐའ་འཁྱོངས། མ་དངུལ་དང་རྣམ་གྲངས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་པ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་དང་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཤིང་འགག་སྒྲོལ་ནང་གི་འགག་སྒྲོལ་མཐའ་གཅིག་ཏུ་བྱེད་དགོས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་པ་མཐའ་འཁྱོངས་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་འདེགས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།  

QQ截图20190220103449.png

སྐྱ་སྐྱ་གྲོང་རྡལ་ཧོར་པའི་ལུག་གསོ་ཚགས་རྟེན་གཞིར་ཝུའུ་དབྱིང་ཅེས་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ལ་ཞིང་འབྲོག་ལས་འཕེལ་རྒྱས་དང་མི་ཐབས་ལ་བརྟེན་ནས་གཟན་རྩྭ་འདེབས་པའི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་དང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ཡོང་འབབ་མང་དུ་གཏོང་བ་བཅས་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།